
ཟླ8པའི་ཚེས14ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཞ་མོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཀྲང་རུང་སོགས་ལ་ཐུགས་འཕྲད་བྱས།
ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཀྲང་རུང་སོགས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཞ་མོན་སློབ་ཆེན་གྱིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་དང་སློབ་གསོའི་ལས་དོན་འཕེལ་རྒྱས་ཐད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་པར་བྱས་ནས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱས་ནས། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ཐད་བརྟན་ཞིང་བརྗིད་པའི་གོམ་སྟབས་གསར་པ་སྤོས་ཡོད། ཕྱོགས་གཉིས་ཀས་སློབ་གསོའི་ཁ་གཏད་རོགས་སྐྱོར་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ནུས་ཁུངས་གཙང་མ་འཕེལ་རྒྱས། ཚྭ་མཚེའུ་ཐོན་ཁུངས་གསར་སྤེལ། མཐོ་སྒང་གི་ཆུའི་ཐོན་ལས་གསོ་སྤེལ། ཚན་ཞིབ་འགག་སྒྲོལ་མཉམ་འབྲེལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་ཁྱད་ལྡན་ཞིབ་འཇུག་བརྟན་གཏོང་། རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། མཉམ་ལས་ཀྱི་བར་སྟོང་སྔར་ལས་རྒྱ་སྐྱེད་གཏོང་བ་དང་། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ལག་གདང་སྦྲེལ་ནས་ཞིང་ཆེན་དང་སློབ་གྲྭའི་རོགས་ལས་སྐས་རིམ་གསར་པ་ཞིག་ཏུ་སྙེག་པར་སྐུལ་འདེད་གཏོང་དགོས།
ཀྲང་རུང་གིས་སློབ་གྲྭའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་སློབ་གྲྭ་དང་ཞིང་ཆེན་མཉམ་ལས་ཀྱི་གཙོ་གནད་བྱ་བ་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། རང་ངོས་ཀྱི་རིག་ཚན་ལེགས་ཆ་དང་ཚན་ཞིབ་ཀྱི་ལེགས་ཆ། ཤེས་ལྡན་མི་སྣའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་། ཡུན་ཕན་མཉམ་ལས་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། ཁྱབ་ཁོངས་མང་པོའི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་མི་རིགས་སློབ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྣ་ཚོགས་མུ་མཐུད་དུ་ཡག་པོར་སྒྲུབ་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དེང་རབས་ཅན་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་བསྟན།
ཞིང་ཆེན་གྱི་འགོ་ཁྲིད་ལིའུ་ཆི་ཧྥན་དང་དབྱང་ཀྲི་ཝུན་ཐུགས་འཕྲད་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།