
ཟླ8པའི་ཚེས13ཉིན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྐབས་གསར་པའི་གྲོང་ཁྱེར་དང་ཁུལ་གྱི་འགོ་ཁྲིད་ཚན་ཁག་གི་ཏང་ཕྱིའི་ལས་བྱེད་པའི་ལས་འགན་འཁུར་བའི་གཅིག་བསྡུས་གླེང་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
ཚོགས་འདུའི་སྟེང་། ཏང་ཕྱིའི་ལས་བྱེད་པའི་འཐུས་མིས་རྣམ་འགྱུར་སྟོན་པའི་གཏམ་བཤད། ཚང་མས་བསྟན་དོན། ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་བ་དང་། འཁྲབ་གཟུགས་ཚུལ་སྒྱུར་གྱི་འགྱུར་ལྡོག་མགྱོགས་མྱུར་སྒོས་མངོན་འགྱུར་བྱས་ཏེ། འགན་འཁྲི་སྒྲུབ་པའི་འཇོན་ཐང་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། སྤྱོད་གཙང་རང་གཅུན་གྱི་མཐའ་ཚད་ནན་སྲུང་བྱེད་པ་དང་། ཏང་ཕྱིའི་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དེ། འབྲེལ་གཏུག་རྒྱ་ཁྱབ་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས། ཏང་ཨུ་དང་སྲིད་གཞུང་གི་ལྟེ་བའི་བྱ་བར་དམ་པོར་དམིགས་ཏེ་བྱས་རྗེས་འཇོག་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཏང་ཕྱིའི་ལས་བྱེད་པ་ནི་ཏང་གི་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “སྲུང་སྐྱོང་གཉིས” མཐའ་གཅིག་ཏུ་ལེགས་པོར་སྒྲུབ་དགོས། ཡིན་མིན་ཆེན་པོའི་མདུན་དུ་ལངས་ཕྱོགས་བརྟན་པོ་དང་རལ་གྲི་འཕྱར་ཕོད་པ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས། བསམ་བློ་དང་སེམས་ཤུགས་རང་འཁྲིའི་བྱ་བའི་ཁྲོད་མགྱོགས་མྱུར་གཅིག་སྡུད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་ནས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་འཇོག་རྒྱུ་རྒྱུན་འཁྱོངས་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་འཇོག་དགོས། སྐྱེ་ཁམས་སྲུང་སྐྱོབ་ལ་གཞི་ཚུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཀྱི་གཙོ་གནད་བྱ་བ་ཡག་པོར་བསྒྲུབས་ནས། “སེམས་སྦྲེལ་ཟམ་པ”ཡག་པོ་ཞིག་བྱེད་པ་དང་། ཏང་ཨུ་དང་སྲིད་གཞུང་ལ་གཞོགས་འདེགས་ཀྱིས་འབྲེལ་བ་མཐུན་སྦྱོར་དང་འགལ་བ་སེལ་ནས་ས་ཁུལ་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་སྲུང་བྱས་ནས་གུས་ཤིང་སྐྲག་པ་དང་དོགས་ཟོན་ཡོད་པ། ཚད་མཐའ་སྲུང་བ། མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ། ལས་གནས་གསར་པའི་སྟེང་ལས་འགན་ལ་ངོ་གནོང་མི་དགོས་པར་གྲུབ་འབྲས་གསར་པ་གཏོད་པ་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
ཤ་བོ་རིན་མཚོས་བསྒྱུར།