ཀྲའོ་ལེ་ཅི་ཡིས་ཅོར་ཏན་གྱི་རྒྱལ་པོར་མཇལ་འཕྲད་གནང་།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ8པའི་ཚེས21ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པར་མཇལ་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་པོ་མཆོག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཅོར་ཏན་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་རྩ་བའི་གཞི་འཛིན་སར་བྱས་ཏེ།   སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས།  ཀྲུང་གོ་དང་ཅོར་ཏན་གྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་ངང་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།   ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཅོར་ཏན་རྒྱལ་དམངས་གྲོས་ཁང་དང་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་སྤེལ་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མིའི་བགྲོ་གླེང་འཛིན་གྲྭ་སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ། དམངས་གཙོ་ཁྲིམས་སྐྱོང་དང་དམངས་འཚོ་ལེགས་སྒྱུར་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་ཕན་ཚུན་དཔེ་གཞིར་འཛིན་པར་ཤུགས་བསྣན་ཏེ།  ཀྲུང་གོ་དང་ཅོར་ཏན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་འདོད་ཡོད།

ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པས་བསྟན་དོན། ཅོར་ཏན་གྱིས་ཀྲུང་གོས་འཛམ་གླིང་བཅོས་སྐྱོང་ཁྲོད་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད་པ་དང་། ཅོར་ཏན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་ཡིད་རྟོན་ཇེ་ཟབ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། དེ་མིན་ཁྱབ་ཁོངས་གཞན་དག་གི་མཉམ་ལས་དམ་ཟབ་ཏུ་བཏང་སྟེ།  རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བསམ་བློ་བརྗེ་རེས་ལ་ཡར་སྐུལ་དང་།  ཐུན་མོང་གི་དར་རྒྱས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

བློ་བཟང་རྒྱལ་མཚན་མཇལ་འཕྲད་ལ་ཞུགས།

ཉིན་དེའི་སྔ་དྲོར། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སོང་ནས། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ།