ཞིང་ཆེན་སྲིད་གྲོས་ཀྱིས“ཨུ་ཡོན་གྱི་འཆད་ཁྲིད་སློབ་ཁང”གི་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།

ཟླ8པའི་ཚེས20ཉིན། ཞིང་ཆེན་སྲིད་གྲོས་ཀྱིས“ཨུ་ཡོན་གྱི་འཆད་ཁྲིད་སློབ་ཁང”གི་བྱེད་སྒོ་སྤེལ་ཏེ། ཧྭ་གློག་ཚན་རྩལ་བཟོ་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་མཐོ་རིམ་བཟོ་བཀོད་པ་ལི་ཀོང་ཧུའེ་གདན་དྲངས་ནས། “ཆིང་རྨང་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་རྒྱང་ལྟ”ཞེས་པ་བརྗོད་བྱར་བཟུང་ནས་ཆེད་དོན་འཆད་ཁྲིད་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ལི་ཞའོ་ནན། ལིའུ་ཏ་ཡེ། ཅིན་ཧྲིན་ཧྲོའུ་བཅས་དང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན། དེ་བཞིན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་འཆད་ཁྲིད་ལ་ཉན།

ལི་ཀོང་ཧུའེ་ཡིས་ཆིང་རྨང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་འཐབ་ཇུས་ངེས་གནས། གནད་འགག་ལག་རྩལ། ཆིང་རྨང་ནུས་ཁུངས་བཀོལ་སྤྱོད་རྣམ་པ་སོགས་ཀྱི་ཐད་ནས་ངོ་མཚར་ཆེ་བའི་འགྲེལ་བཤད་བརྒྱབ། ཀྲུང་གོ་གློག་ཤུགས་ཀུང་སིས་ཆིང་ནུས་འཕེལ་རྒྱས་གཏོང་བ་དང་དེ་བཞིན་མཚོ་སྔོན་དུ་གསར་སྤེལ་འཛུགས་སྐྲུན་ལས་གཞིའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ་ཏེ། རང་ངོས་ཀྱི་ཞིབ་འཇུག་དང་མཚོ་སྔོན་གྱི་དག་གཙང་ནུས་ཁུངས་ཐོན་ཁུངས་ཀྱི་དགེ་མཚན་དང་ཟུང་འབྲེལ་སྒོས། དེ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་མ་ལག་དང་འཕེལ་རྒྱས་ཀྱི་གོ་སྐབས། འགྲན་སློང་སོགས་ཀྱི་ཐད་ནས་གསལ་འགྲེལ་ཟབ་མོ་བྱས། ཚོགས་ཞུགས་མི་སྣས་བལྟས་ན། འཆད་ཁྲིད་ཀྱིས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ཡོད་ཅིང་། ནང་དོན་ཞིབ་ཅིང་ཕྲ་ལ་དོན་དངོས་དང་མཐུན་པ། གྱོད་དཔེ་ཕུན་སུམ་ཚོགས་པ། སྤྱི་ཁོག་སྲིད་ཇུས་ཀྱི་གསལ་འགྲེལ་ཡོད་ལ་ཐོན་ལས་ཀྱི་ད་ལྟའི་གནས་བབ་ལ་དབྱེ་ཞིབ་ཀྱང་བྱས་ཡོད་པར་མ་ཟད། ད་དུང་འཕེལ་རྒྱས་ཀྱི་ཐབས་ལམ་ལ་དབྱེ་ཞིབ་བཅས་བྱས་ཡོད་པར་བརྟེན། རང་རེའི་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་བཏང་ཡོད་པར་འདོད།

ཚང་མས་བསྟན་དོན། ཆིང་ནུས་ནི་མཚོ་སྔོན་གྱིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་དང་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པའི་འགག་རྩ་ཡིན་ལ། རྒྱལ་ཁབ་ཀྱི“ཐཱན་གཉིས”དམིགས་འབེན་ལ་ཞབས་འདེགས་ཞུ་བ་དང་། ནུས་ཁུངས་གྲུབ་ཆའི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཆེད་དོན་འཆད་ཁྲིད་དང་ཟུང་འབྲེལ་སྒོས་མཚོ་སྔོན་གྱི་ཆིང་ནུས་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས། སྲིད་ཞུགས་སྲིད་གྲོས་ཀྱི་འགན་ནུས་དང་ཨུ་ཡོན་ལས་རིགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་ཐུན་མོང་ངོས་འཛིན་སྔར་ལས་གཅིག་ཏུ་སྒྲིལ་ནས། བདེན་གཏམ་དང་ཐབས་ཇུས་བཟང་པོ་འབད་པས་བཏོན་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་བསྐྲུན་ཆེད་སྟོབས་ཤུགས་འབུལ་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།