
ས་དེའི་ཟླ8པའི་ཚེས31ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པིས་ཧྲི་ཁའེ་ཁི་རུ2026ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལ་ཞུགས་པའི་སྐབས་སུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་སྲིད་འཛིན་མུས་འར་ཅི་ཡུའེ་ཡེ་ཧྥུའུ་དང་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་རེད། ང་ཚོའི་ཐུན་མོང་གི་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་ངང་སྤུས་འདེགས་རིམ་འཕར་བྱུང་ཡོད། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་བར་གྱི་འབྲེལ་བའི་རྫོགས་ལྡན་ལོ10གསར་གཏོད་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ལངས་ཕྱོགས་ལ་གཡོ་འགུལ་མི་གཏོང་བར་གཞོལ་ནས། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་རང་ངོས་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་དོན་ཆེན་ཡག་པོ་སྒྲུབ་དགོས། སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་གོ་དང་ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་ཐབས་རིག་ནུས་དང་ཐང་རྒོད་ཅན་བཅོས་སྐྱོང་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་ས་གནས་སྤེལ་རེས་ཀྱི་ཚ་རླབས་འཕྱུར་བ་དང་ཕན་ཚུན་རིག་གནས་ལྟེ་གནས་འཛུགས་རྒྱུ་ཇེ་མགྱོགས་སུ་བཏང་ཡོད། སློབ་གསོ་དང་དབུལ་པོ་ཉུང་འཕྲི་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས། ཕྱོགས་གཉིས་ཀྱི་ཁྲིམས་བསྟར་བདེ་འཇགས་མཉམ་ལས་ལམ་སྲོལ་ཡག་པོ་སྤྱད་དེ“ངན་ཤུགས་གསུམ”ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྡུང་རྡེག་བཏང་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཇེ་བརྟན་དུ་གཏོང་དགོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་འཛུགས་བྱེད་པའི་ཁོངས་ཞུགས་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་ཐེན་ཅིན་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་ས་ཁུལ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་དགོས།
མུས་འར་ཅི་ཡུའེ་ཡེ་ཧྥུའུ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་ཡིད་ཆེས་བརྟན་པོ་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འོད་ཟེར་ལྡན་པའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཨུ་ཀྲུང་རྒྱལ་ཁབ་གཉིས་བར་མཛའ་བརྩེ་ཟབ་མོ་ཡོད་པས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་ཞིང་དགོངས་པ་ཟབ་པ་དེས་ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་འབྲེལ་བར་ཡངས་ཤིང་རྒྱ་ཆེ་བའི་བར་སྟོང་བཏོད་ཡོད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་ཡོད། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གང་འདྲ་བྱུང་རུང་། ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཉོ་ཚོང་གི་མ་དངུལ་འཇོག་ཁྱོན་ཆེ་རུ་གཏོང་བ་དང་། ཞིང་ལས་དང་། འགྲིམ་འགྲུལ། ནུས་ཁུངས། གཏེར་ཁ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ལ་སྐུལ་སྤེལ་གཏོང་དགོས། “ངན་ཤུགས་གསུམ་”ལ་མཉམ་དུ་རྡུང་རྡེག་བཏང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་དམ་སྲུང་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞིར་ཚད་མཐོའི་མོས་མཐུན་བྱུང་ཡོད་ལ། ཀྲུང་གོ་དང་ལག་གདང་སྦྲེལ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་འདོད་ཡོད།
ཚའེ་ཆི་དང་ཝང་ཡེ་མཇལ་འཕྲད་ལ་ཞུགས།