ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་སྨྱན་སྦྱོར་སྟེང་མཚན་བཀོད་རྩོམ་ཡིག་སྤེལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ཟླ9པའི་ཚེས1ཉིན། ཁེ་རོ་རུ་ཕེབས་ནས་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་མཛད་པའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི《གཏོར་གཟུགས་མཆོད་རྟེན་ཚགས་པར》དང་། 《གསར་འགྱུར་ཚགས་པར》《སྤྱི་མཐུན་རྒྱལ་ཁབ་ཀྱི་ཚགས་པར》བཅས་ཀྱི་སྟེང་ཁ་བྱང་ལ《སྐྱིད་སྡུག་མཉམ་མྱོང་གི་ལོ་ངོ་བདུན་ཅུ་དང་དཔའ་ངར་ཆེར་བསྐྱེད་ཀྱི་འཐབ་ལམ་གསར་པ》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀ་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀས་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཐད་རྩ་ཆེ་བའི་བསམ་པའི་རྒྱུ་ནོར་དང་འོད་སྟོང་འབར་བའི་རིག་གནས་ཀྱི་གཅེས་ནོར་ཕུལ་ཡོད། ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱི་རིག་གནས་ཀྱི་བར་ཐག་རིང་ཡང་ཕན་ཚུན་ལ་མོས་མཐུན་ཡོད་པ་དང་། གནའ་བོའི་དར་གོས་ཚོང་ལམ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་ལ། མཛའ་མཐུན་འགྲོ་འོང་གི་གོམ་མཚམས་བཞག་མྱོང་མེད། ལོ་ངོ70ཡི་སྔོན་དུ། ཀྲུང་གོ་དང་ཨེ་ཅིབ་བར་དངོས་སུ་ཕྱི་འབྲེལ་བཙུགས་ནས། ཀྲུང་གོ་གསར་པ་དང་ཨ་རབ། ཧྥེ་གླིང་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཀྱི་སྒོ་མོ་ཕྱེས། ལོ་ངོ70ཡི་དཀའ་སྡུག་གི་ལོ་ཟླའི་ཁྲོད་ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བའི་ཐད་ནས་རྒྱལ་སྤྱིའི་གནས་བབ་འགྱུར་ལྡོག་གི་ཚོད་བགམ་བརྒྱུད་ན་ཡང་། ཐོག་མཐའ་བར་གསུམ་དུ་ཁ་ཕྱོགས་འཁྱོག་མེད་པ་དང་ཁ་མདོག་འགྱུར་མེད་ལ། སྒུལ་ཤུགས་ཆག་མེད་པར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་གཉིས་དང་ཀྲུང་གོ་དང་ཧྥེ་གླིང་གི་ཐུན་མོང་མཉམ་ལས་ཀྱི་དཔེ་གཞི་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་དང་མཛའ་མཐུན་མཉམ་གནས་དང་མཐུན་སྒྲིལ་རོགས་ལས་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཀྲུང་གོ་དང་ཨེ་ཅིབ་ནི་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་བྱེད་པའི་མཛའ་མཐུན་སྤུན་ཟླ་དང་། མཉམ་ལས་མཉམ་རྒྱལ་གྱི་བློས་ཐུབ་གྲོགས་པོ། མཛའ་མཐུན་དཔེ་འཛིན་གྱི་མིག་དཔེ་བཟང་བོ། འདྲ་མཉམ་ཡིད་རྟོན་གྱི་ཟོལ་མེད་གྲོགས་པོ་བཅས་ཡིན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་དར་སྤེལ་གྱི་གནད་འགག་དུས་མཚམས་སུ་གནས་པ་དང་། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཡག་པོ་བརྩམས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་བཞིན་པའི་སྒང་ཡིན། ཨེ་ཅིབ་ཀྱི“སྤྱི་མཐུན་རྒྱལ་ཁབ་གསར་བ་”འཛུགས་སྐྲུན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་།“2030ལོའི་རེ་འདུན”ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོས་ཨེ་ཅིབ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨེ་ཅིབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས། མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་ཕྱོགས་གཉིས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་། མཛའ་བརྩེ་རྒྱུན་འཛིན་གྱི་མིག་དཔེ་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་ཨེའི་མཛའ་མཐུན་གྱི་རྒྱུག་མཐུད་དབྱུག་པ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས། གཉིས་ཕན་མཉམ་རྒྱལ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་ཚད་ཤིང་བྱེད་པ། འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ཇེ་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། མཉམ་ལས་ཀྱི་བག་ཤུགས་སྔོག་འདོན་བྱེད་པ། དངོས་གཉེར་མཉམ་ལས་ཀྱི་བར་སྟོང་རྒྱ་བསྐྱེད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨེ་ཅིབ་ཀྱི་གཉིས་ཕན་མཉམ་ལས་ཐད་རྫོགས་མཐའ་མེད་པའི་སྒུལ་ཤུགས་སྣོན་དགོས། རང་སོ་སོའི་མཛེས་པ་མངོན་པ་དང་ཤེས་དཔལ་བརྗེ་རེས་ཀྱི་མིག་དཔེ་བྱེད་པ། སློབ་གསོ་དང་ཡུལ་སྐོར། ཚན་རྩལ། འཕྲོད་བསྟེན། ལུས་རྩལ། གནའ་དཔྱད་སོགས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་ཕན་ཚུན་རྒྱུས་མངའ་དང་མཛའ་མཐུན་གྱི་སྦྲེལ་ཐག་ཇེ་དམ་དུ་གཏོང་བ། ཀྲུང་ཨེའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ནུས་གསར་པ་ཟམ་མི་ཆད་པར་བསྣན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་དཔལ་ཡོན་གྱི་སྟོབས་ཤུགས་སྔར་བས་མང་བ་གཅིག་སྡུད་བྱེད་དགོས། དཔུང་པ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད་དེ། འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད་པའི་གདོང་ལེན་པ་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་། ཕྱོགས་མང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་ཡག་པོ་བྱས་ནས། འཛམ་གླིང་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད་དགོས། ལག་གདང་སེམས་མཐུན་བྱས་ཏེ། ཀྲུང་གོ་དང་ཨ་རབ་བར་དང་ཀྲུང་གོ་དང་ཧྥེ་གླིང་བར་མཉམ་ལས་བྱེད་པའི་སྣེ་ཁྲིད་མཁན་བྱེད་པ་དང་། ཀྲུང་གོ་དང་ཨེ་ཅིབ་བར་གྱི་མཉམ་ལས་ཀྱི་དཔེ་སྟོན་ནུས་པ་གལ་ཆེན་ཆེ་རུ་གཏོང་དགོས། ཨེ་ཅིབ་ཀྱིས་ཨ་རབ་ཀྱི་འཛམ་གླིང་དང་སྦྲེལ་མཐུད་བྱེད་པ་དང། ཧྥེ་གླིང་སྐམ་ས་ཆེན་མོར་ཁྱབ་འགྱེད་བྱེད་པའི་དམིགས་བསལ་གྱི་ས་བབ་བཟང་ཆ་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཨ་རབ་ཀྱི“མཉམ་ལས་ཀྱི་རྣམ་པ་ཆེན་པོ་ལྔ”འཛུགས་སྐྲུན་དང་། ཀྲུང་གོ་དང་ཧྥེ་གླིང་གིས་ལག་གདང་སྦྲེལ་ནས་དེང་རབས་ཅན་དུ་འགྱུར་བའི་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨ་རབ་བར་དང་། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་དུས་བསྟུན་མདུན་སྐྱོད་དང་། བརྟན་བརླིང་རྒྱང་བསྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ། ཐོག་མའི་བསམ་འདུན་མི་བརྗེད་པར་སྔ་འཛིན་ཕྱི་གཏོད་ཀྱིས་དར་རྒྱས་བསྐྱར་དར་གྱི་བགྲོད་ལམ་དུ་ཕན་ཚུན་རྒྱབ་སྐྱོར་དང་འབད་འབུངས་མདུན་སྐྱོད་བྱས་ཏེ། ཐུན་མོང་ཐོག་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་དགོས།