ཞི་ཅིན་ཕིང་ཨེ་ཅིབ་སྲིད་འཛིན་གྱིས་སྤེལ་བའི་དགའ་བསུའི་མཛད་སྒོར་ཞུགས།
ཁུངས། ཀློག་གྲངས།

ས་དེའི་ཟླ9པའི་ཚེས2ཉིན་གྱི་སྔ་དྲོར། ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་ཡིས་ཁེ་རོའི་ཉི་མའི་ཕོ་བྲང་དུ་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ་ནས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལོ་བཅུའི་རྗེས་སུ་སླར་ཡང་ཨེ་ཅིབ་ལ་རྒྱལ་དོན་འཚམས་འདྲི་གནང་དུ་ཕེབས་པར་དགའ་བསུ་ཞུས།

གཙོ་འཛིན་བར་གྱི་ཕྱི་འབྲེལ་སྣེ་ཁྲིད་འོག ཀྲུང་ཨེའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས། ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་བསུས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐེངས་འདིའི་འཚམས་འདྲི་ཡིས་ཀྲུང་ཨེའི་འབྲེལ་བའི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ལ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཐད་བྱས་རྗེས་འཇོག་ངེས།

ཁེ་རོའི་ནམ་མཁའ་སྔོ་ཞིང་དྭངས། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ལ་བཞུགས་ནས་ཉི་མའི་ཕོ་བྲང་དུ་ཕེབས་དུས། སྐྱ་མིའི་རུ་སྟར་དང་གུས་དམག་གྲལ་བསྒྲིགས་ནས་གུས་འདུད་ཞུས། དམག་དཔུང་རོལ་ཆའི་རུ་ཁག་གིས་མགྲོན་བསུའི་རོལ་དབྱངས་དཀྲོལ་བ་དང་རྟེན་འབྲེལ་མེ་སྒྱོགས21བརྒྱབ། སའེ་ཞི་དང་ལྕམ་མོ་ཡེ་ཐི་ས་ཨར་གཉིས་ཀྱིས་སྤྲོ་སེམས་ཁོལ་བའི་ངང་བསུ་མ་བྱས།

སའེ་ཞི་ཡིས་ཞི་ཅིན་ཕིང་ལ་དགའ་བསུའི་མཛད་སྒོ་སྤེལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་ལྷན་དུ་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་། དམག་དཔུང་རོལ་ཆའི་རུ་ཁག་གིས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕན་ཚུན་གྱི་ཕེབས་རོགས་མི་སྣར་ཕྱག་འཇུ་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་དང་ལྕམ་མོ་མཉམ་དུ་ཉི་མའི་ཕོ་བྲང་ཚོམས་ཆེན་དུ་ཕེབས་ནས། རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མདུན་དུ་ལྷན་པར་བསྐྱོན།