
བོད་ལྗོངས་སྐྱིད་གྲོང་རྫོང་གི་འདམ་རུད་གནོད་འཚེའི་ཉེན་སེལ་རོགས་སྐྱོབ་བྱ་བ་རྒྱུན་མཐུད་ངང་སྤེལ་བཞིན་ཡོད། ཟླ9པའི་ཚེས4ཉིན་གྱི་དུས་ཚོད18བར། འདམ་རུད་ཀྱི་གནོད་འཚེའི་ཁྲོད་མི31རྐྱེན་ལམ་དུ་ཤོར་བ་དང་མི531འབྲེལ་བ་ཆད་ཡོད།
སྐྱིད་གྲོང་འགག་སྒོའི་གནོད་ཐེབས་ཚབས་ཆེན་ས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ལྔ་ཁྲི་བཞི་སྟོང་ཡོད་པ་དང་། མིག་སྔར་འཚོལ་ཞིབ་ས་ཁུལ་བདུན་དུ་བགོས་ཡོད་ལ། འཕྲུལ་ཆས་ཆེན་པོ་དང་རོགས་སྐྱོབ་རུ་ཁག་གིས་ལས་བགོ་མཉམ་ལས་བྱས་ཏེ། གཙོ་བོར་འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་ཐོག་ཁང་དང་ཉལ་ཁང་ཐོག་ཁང་། རླངས་འཁོར་འདུག་ས་སོགས་སས་ཁོངས་ལ་འཚོལ་ཞིབ་ཞིབ་མོ་བྱས།
ཡུལ་དངོས་སུ་ད་དུང་དབྱུག་མཐོ་གློག་སྒྲོན་དང་མི་མེད་གནམ་གྲུའི་གློག་སྒྲོན་སོགས་འཕྲལ་བསྟུན་གློག་སྒྲོན་སྒྲིག་ཆས་དང་། གློག་འདོན་རླངས་འཁོར་དང་གློག་གསོག་སྒྲོམ་ཚང་སོགས་རིགས་མི་འདྲ་བའི་གློག་བཀོལ་འགན་སྲུང་སྒྲིག་ཆས350ལྷག་སྒྲིག་སྦྱོར་བྱས་ཡོད།
བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ནོར་བུ་ཚེ་རིང་གིས་བཤད་རྒྱུར། ས་ཁོངས་འདི་རུ་རོགས་སྐྱོབ་མི་སྣ2300ལྷག་དང་སྒྲིག་ཆས་བརྒྱད་སྟོང་བརྒྱད་བརྒྱ་ལྷག་བཀོད་སྒྲིག་བྱས་ཡོད། གློག་ཤུགས་དང་འཕྲིན་གཏོང་འགག་སྒོ་འདིའི་ཁྱབ་ཁོངས་ཡོངས་སུ་ཁེབས་ཡོད།
རང་བྱུང་ཐོན་ཁུངས་དང་ཆུ་བེད་སོགས་སྡེ་ཁག་ནས་ཡོང་བའི་ཆེད་མཁས་པ་དང་ལག་རྩལ་མི་སྣ100ལྷག་གིས་རོགས་སྐྱོབ་ཉེན་སེལ་གྱི་ལྟ་ཞིབ་སྒྲིག་ཆས150ཁྱེར་ནས་ཡུལ་དངོས་ནས་ལས་སྒྲུབ་བྱས་ཏེ། མྱུར་སྐྱོབ་འགུལ་སྐྱོད་ཐད་ལག་རྩལ་གྱི་རྒྱབ་སྐྱོབ་འདོན་སྤྲོད་བྱས།
བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་རྒྱལ་ལམ216གི་མྱུར་བཟོ་སླར་གསོའི་གཞུང་ལམ་རྒྱ་བསྐྱེད་དང་ཇེ་མཐོ། སྲ་བརྟན་དང་བདེ་སྙོམས་བྱ་བ་སྤེལ་བཞིན་ཡོད་པ་དང་། ཆེས་ཡངས་སའི་ཞེང་ཚད་སྨི་བཅོ་ལྔའི་ཡས་མས་སུ་སླེབས་ནས། རོགས་སྐྱོར་དངོས་ཟོག་དང་རླངས་འཁོར་ཤར་བགྲོད་ལ་འགན་སྲུང་བྱེད་པའི་ཆ་རྐྱེན་འཛོམས་ཡོད།
གསར་འགོད་པས་ཆུ་བེད་པུའུ་ནས་རྒྱུས་ལོན་བྱུང་བར། མི་མེད་གནམ་གྲུས་ཕབ་པའི་་བརྙན་རིས་ལ་མངོན་པར་གཞིགས་ན། སྐྱིད་གྲོང་གཙང་པོ་འཁྱིལ་མཚོའི་སྟོད་སྨད་རྒྱུད་ཀྱི་ཆུ་ལམ་རྒྱུན་ལྡན་ཡིན་པ་དང་། སྐྱིད་གྲོང་འགག་སྒོའི་མཐའ་འཁོར་དུ་ཉིན་འདི་དག་ལ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་ཡིན་པ་དང་། སྐྱིད་གྲོང་གཙང་པོ་ཐེངས་གཉིས་རྒྱས་ངེས་པས། ས་གནས་དེས་ཆར་འབབ་ཚུལ་དང་ཆུའི་གནས་ཚུལ་ལ་དོ་ཁུར་བྱས་ནས། སྔ་མོ་ནས་གནས་སྤོ་ཉེན་གཡོལ་བྱེད་རྒྱུའི་གསལ་འདེབས་བྱས།
གསར་འགོད་པས་ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདམ་རུད་ཀྱི་གནོད་འཚེ་བྱུང་རྗེས། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུས་ཀྱིས་ནེ་པ་ལའི་གནམ་གཤིས་བརྟག་དཔྱད་ཅུས་ལ་དུས་ཐོག་ཏུ་རླུང་སྤྲིན་གནམ་གཤིས་སྲུང་སྐར་ལྟ་ཞིབ་ཚད་ལེན་གཞི་གྲངས་མཉམ་སྤྱོད་བྱས་ཏེ། ནེ་པ་ལར་ཉིན30རིང་རྒྱུན་མི་ཆད་པར་སྔོན་བརྡའི་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད། གནམ་གཤིས་ཀྱི་རིག་ནུས་ཉེན་བརྡ་གཏོང་བའི་ཇུས་གཞིའི་“མ་ཙུའུ་”ནེ་པ་ལའི་གཏན་སྲོལ་པར་གཞི་མགྱོགས་མྱུར་གསར་སྤེལ་བྱས་ནས། ནེ་པ་ལ་ཕྱོགས་ཀྱི་ཉེན་སེལ་རོགས་སྐྱོབ་དང་གནོད་རྗེས་སླར་གསོ་ལ་འགན་སྲུང་བྱས།