
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ཕུན་སུམ་ཚོགས་པ། གྲོན་ཆུང་ནུས་ཆེ། མཁོ་སྤྲོད་མཐུན་སྦྱོར། སྟབས་བསྟུན་རིག་ནུས་བཅས་ཀྱི་གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་ངང་འཛུགས་དགོས། ད་ལོའི་དབྱར་ཁར། རྒྱལ་སྤྱིའི་ནུས་ཁུངས་ཁྲོམ་རའི་འཕར་ཆག་ཆེ་རུ་ཕྱིན་པ་དང་དྲོད་ཚད་ཧ་ཅང་མཐོ་བའི་གནམ་གཤིས་ཡང་ཡང་བྱུང་བའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། རང་རྒྱལ་གྱི་གློག་ཤུགས་མ་ལག་གསར་པའི་གློག་ཤུགས་འགན་སྲུང་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། དབྱར་དུས་ཀྱི་མཐོ་རླབས་བསུས་ནས་བག་ཕེབས་ངང་དབྱར་སྐྱེལ་བ་དང་། མང་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་བྱ་ཆེད་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས།
ད་ལོའི་དབྱར་ཁར། ཚ་རླབས་སའི་གོ་ལའི་ཕྱེད་བྱང་མར་ཁྱབ་ནས་རྒྱལ་ནང་གི་ཞིང་ཆེན་25ཡི་གློག་དྲའི་གློག་སྤྱོད་ཐེག་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ་ལ། སྔར་ནས་“མེ་ཐབ་”གྲོང་ཁྱེར་ཞེས་འབོད་པའི་ཁྲུང་ཆིང་དུ་ཏུའུ་ 40℃ ཡན་གྱི་དྲོད་ཚད་མཐོ་བའི་ཉིན་གྲངས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆེས་མཐོ་བའི་གྲངས་ཚད་གསར་པར་སླེབས།
ཁྲུང་ཆིང་གི་གྲོང་མི་ཁྲེན་ཅོན་གྱིས་བཤད་རྒྱུར། ཏུའུ་40(ཧྲེ་ཧྲི་)ཡི་དྲོད་ཚད་མཐོན་པོར་བསྟུད་མར་སླེབས་པས། ང་ལ་དྲོད་སྙོམས་འཕྲུལ་ཆས་ཞོགས་པ་ནས་དགོང་མོའི་བར་འབྱེད་དགོས་པའི་ཚོར་བ་ཞིག་བྱིན།
འདས་ཟིན་པའི་དབྱར་དུས་སུ། མཁའ་རླུང་སྙོམས་ཆས་ཀྱིས་འཁྱག་བཟོ་བྱས་པ་ལས་གློག་གི་དགོས་མཁོ་ཆེས་ཆེར་ཕྱིན་ནས། སྡོད་དམངས་ཀྱི་གློག་སྤྱོད་ཐད་འགན་སྲུང་བྱ་ཆེད། ཁྲུང་ཆིང་གི་ཁེ་ལས་དང་ལས་དོན་ལས་ཁུངས་ཁག་ཅིག་གིས་སྐབས་ཤིག་རིང་གློག་ཚོད་འཛིན་གྱི་བྱ་ཐབས་མི་སྤྱོད་ཀ་མེད་བྱུང་། ད་ལོར་གློག་སྤྱོད་ཚད་ཀྱིས་ཟིན་ཐོ་གསར་པ་བསྟུད་མར་བཏོད་ཀྱང་། ཁྲུང་ཆིང་ཧྲིལ་པོའི་གློག་ཤུགས་མཁོ་འདོན་འདང་ངེས་ཡིན་པ་རེད།
རྒྱལ་ཁབ་གློག་དྲ་ཁྲུང་ཆིང་གློག་ཤུགས་བཀོད་གཏོང་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ་ཧྲོའེ་ཧུང་གིས་བཤད་རྒྱུར། གཅིག་ནི་ཞིན་ཅང་གི་གློག་ཁྲུང་ཆིང་དུ་འདྲེན་པ་ནི་ང་ཚོའི་དྲ་བའི་ནང་གི(གསར་བསྣན)གློག་འདོན་གློག་ཁང་ཆེ་ཤོས་གཉིས་ཀྱི་གློག་གཏོང་ནུས་པ་དང་མཚུངས་པ་དེ་ཡིན་ལ། ཅིག་ཤོས་ནི་ང་ཚོའི་ནུས་གསོག་དང་ཆུ་འཐེན་ནུས་གསོག་ཡིན་ཞིང་། ང་ཚོར་དགོས་མཁོ་ཡོད་པའི་སྐབས་སུ་གློག་འདོན་ཐུབ།
དེ་སྔ་གློག་མི་འདང་བ་ནས་གློག་གི་དགོས་མཁོ་ཆེ་བའི་དུས་སུ་གློག་མཁོ་འདོན་འགན་ལེན་བྱེད་པའི་བར། ཁྲུང་ཆིང་ནི་རང་རྒྱལ་གྱིས་གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་གྱི་བཀོད་སྒྲིག་ལྟར། ནུས་ཁུངས་མཁོ་འདོན་གྱི་མཉེན་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བའི་བསྡུས་གཟུགས་རེད། ད་ལོའི་དབྱར་དུས་ནས་བཟུང་། རྒྱལ་ཡོངས་ཀྱི་གློག་སྤྱོད་ཐེག་ཚད་ཀྱིས་ཐེངས་བཞི་ལ་བསྟུད་མར་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ནས། ཆེས་མཐོ་ཤོས་སྟོང་ཝ་ཐེར་འབུམ་གཅིག་དུང་ཕྱུར་ལྔ་བྱེ་བ་ལྔ་ས་ཡ་བདུན་ལ་སླེབས་པ་དེ་ན་ནིང་གི་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་ཆེས་མཐོ་བའི་གྲངས་ཐང་དང་བསྡུར་ན་སྟོང་ཝ་བྱེ་བ་བཞི་ས་ཡ་དགུ་ལ་འཕར་ཡོད་མོད། འོན་ཀྱང་རྒྱལ་ཡོངས་ཀྱི་གློག་ཤུགས་མཁོ་སྤྲོད་བརྟན་བརླིང་གོ་རིམ་ལྡན་པ་དང་ཐོན་སྐྱེད་འཚོ་བའི་ཐད་གློག་སྤྱོད་འགན་སྲུང་ནུས་ལྡན་ཐུབ་ཡོད།
ཇི་ལྟར་བྱས་ནས་གོ་ལ་ཧྲིལ་པོའི་གློག་ཤུགས་མཁོ་འདོན་མ་ལག་ཆེ་ཤོས་ཡིན་པའི་ཀྲུང་གོ་དེ་བས་བདེ་འཇགས་དང་སྔར་བས་ལྗང་མདོག སྔར་བས་ནུས་ཆེ་བཅས་ཡོང་བ་བྱ་རྒྱུའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འགན་སྲུང་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནས་འགོ་བཙུགས་ཏེ། གློག་ཤུགས་མ་ལག་གསར་པ་གཏོད་རྒྱུའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནུས་ཁུངས་རྟེན་གཞི་དང་ནུས་ཁུངས་ཁེ་ལས་སུ་ཕེབས་ནས། རླུང་གློག་དང་ཉི་ནུས་གློག་གཏོང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཆུ་གློག་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་གཅིག་གྱུར་འཆར་འགོད་བྱས་ཏེ། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཉིང་གློག་འཕེལ་རྒྱས་གཏོང་དགོས་པ་མ་ཟད་གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་ངང་འཛུགས་དགོས་ཞེས་ནན་གྱིས་བསྟན། ཐཱན་ཚད་ལྡན་དང་ཐཱན་སྙོམས་སྦྱོར་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རླུང་འོད་གློག་རྟེན་གཞི་ཆེ་གྲས་རྨང་གཞི་ཡིན་པ་དང་། དེའི་མཐའ་འཁོར་གྱི་དྭངས་གཙང་ནུས་ཆེ་དང་སྔོན་ཐོན་ནུས་གྲོན་གྱི་སོལ་གློག་འདེགས་སྐྱོར་ཡིན་ལ། བརྟན་ལྷིང་བདེ་འཇགས་དང་བློས་འགེལ་ཆོག་པའི་དམིགས་བསལ་མཐོ་གནོན་གློག་སྐྱེལ་གློག་སྒྱུར་སྐུད་ལམ་གཞི་རྟེན་ཡིན་པའི་ནུས་ཁུངས་གསར་པའི་མཁོ་སྤྲོད་དང་བསྡུ་ལེན་མ་ལག་འཆར་འགོད་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྒྱལ་ཁབ་ནུས་ཁུངས་ཅུས་འཆར་འགོད་སིའི་སི་ཀྲང་གཞོན་པ་ཞིན་དབྱི་ཐེང་གིས་བཤད་རྒྱུར། གོ་ལ་ཧྲིལ་པོའི་ནུས་ཁུངས་ཆགས་སྟངས་ལེགས་སྒྲིག་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་མངོན་གསལ་གྱིས་མང་དུ་འགྲོ་བའི་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ། རང་རྒྱལ་གྱི་ནུས་ཁུངས་མ་ལག་ཐོག་མཐའ་བར་གསུམ་དུ་བདེ་འཇགས་དང་བརྟན་བརླིང་ངང་འཁོར་སྐྱོད་བྱས་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་པོ་དང་ཆུ་མ་ཡོང་གོང་རགས་བརྒྱབ་ནས། ནུས་ཁུངས་བདེ་འཇགས་དང་ཚུལ་བསྒྱུར་གཅིག་གྱུར་འཆར་འགོད་དང་། ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་ཤུགས་ཆེན་བཏང་བ། ནུས་ཁུངས་གྲུབ་ཆ་ཇེ་ལེགས་སུ་བཏང་བ་བཅས་ལ་རག་ལས། མིག་སྔར་དང་ཡུན་རིང་ལ་དམིགས་པའི་ནུས་ཁུངས་འཕེལ་རྒྱས་ཀྱི་འཐབ་ཇུས་དེ་རིགས་ནི་ང་ཚོས་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་འཇལ་བའི་ཡིད་ཆེས་དང་གདེང་ཚོད་ཡིན།
ད་ལོ་ནས་བཟུང་། ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་ནས་རིག་ནུས་གློག་དྲ་བསྐྲུན་པ། དེ་ནས་ནུས་གསོག་ལས་གྲྭ་འཁོར་སྐྱོད་བྱེད་འགོ་བརྩམས་པའི་བར། གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་བྱ་རྒྱུར་གང་མགྱོགས་སྒོས་སྐུལ་འདེད་བཏང་། མིག་སྔའི་བར་རང་རྒྱལ་གྱི་སྤྱིའི་གློག་འདོན་ཚད་སྟོང་ཝ་ཐེར་འབུམ་བཞི་ལས་བརྒལ་ནས། ཨ་རི་དང་ཡོ་རོབ་མནའ་འབྲེལ། རྒྱ་གར། འཇར་པན། ཨུ་རུ་སུ་བཅས་ཀྱི་གློག་གཏོང་ཚད་ཀྱི་བསྡོམས་འབོར་ལས་བརྒལ་ཡོད། གློག་ཤུགས་གྲུབ་ཆ་གང་མགྱོགས་ངང་ལྗང་མདོག་ཚུལ་སྒྱུར་བྱས་ནས། རླུང་གློག་དང་འོད་བརྟེན། ཆུ་གློག ཉིང་གློག་བཅས་ལྟེ་བ་ཡིན་པའི་ཐད་བྱུང་ནུས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། དབྱར་དུས་ཀྱི་གློག་ཤུགས་མཁོ་འདོན་འགན་སྲུང་ལ་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས།
ཞ་མིན་སློབ་ཆེན་ཀྲུང་གོ་ནུས་ཁུངས་སྲིད་ཇུས་ཞིབ་འཇུག་གླིང་གི་ཡོན་ཀྲང་ལིན་པོ་ཆང་གིས་བཤད་རྒྱུར། ནུས་ཁུངས་གཙང་མ་དེ་གསར་དུ་འཕར་བའི་གློག་ཤུགས་ཀྱི་དགོས་མཁོ་སྐོང་བའི་གཙོ་ཤུགས་སུ་གྱུར་ཡོད། ད་ལོའི་ལོ་སྟོད་དུ་ཧ་ལམ་70%ཡན་(གསར་འཕར)གྱི་གློག་ཤུགས་ནི་ཐད་བྱུང་ནུས་ཁུངས་ཀྱིས་མཁོ་འདོན་བྱས་པ་ཡིན། ཀྲུང་གོའི་གློག་ཤུགས་ཚུལ་སྒྱུར་དེ་གྲངས་འབོར་གྱི་འགྱུར་ལྡོག་ནས་སྤུས་ཚད་དུ་འགྱུར་ལྡོག་བྱུང་བའི་དབྱེ་མཚམས་ཀྱི་རྒྱབ་ལོག་ཏུ་མངོན་པ་ནི་ཚུལ་སྒྱུར་གྱི་ཆོད་སེམས་བརྟན་པོ་དང་འཐབ་ཇུས་ཀྱི་གཏན་འཁེལ་སྟོབས་ཤུགས་མ་ཟད། ལག་རྩལ་གྱི་ཡར་ཐོན་མགྱོགས་པོ་དང་ད་དུང་མ་ལག་གི་འགན་སྲུང་འདང་ངེས་བཅས་ཡིན།
ད་ལོའི་དབྱར་ཁར། མི་ཐབས་རིག་ནུས་དང་མཐོ་གསར་ལག་རྩལ་ཐོན་ལས་རྒྱུན་མཐུད་ངང་ཇེ་མང་དུ་སོང་། རྣམ་པ་གསར་པའི་གློག་ཤུགས་མ་ལག་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱས་པས་ཐོན་ལས་ཀྱི་གློག་སྤྱོད་དགོས་མཁོ་ལའང་འདེགས་སྐྱོར་ནུས་ལྡན་བྱས། ད་ལོའི་ཟླ་བདུན་པར། སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་སྟོང་ཝ་ཁྲག་ཆེན་ལས་བརྒལ་བ་དང་། ལག་རྩལ་མཐོན་པོ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་གློག་སྤྱོད་ཚད་དུས་ཚོད་རེར་སྟོང་ཝ་ཁྲག་ཁྲིག་གཅིག་ཐེར་ཆེན་གཉིས་ཐེར་འབུམ་གཉིས་ཡིན་ལ། དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བརྒྱད་གྲངས་ཆུང་དགུ་འཕར། ཐོན་ལས་གསུམ་པའི་ཁྲོད། AIདཔེ་དབྱིབས་ཆེན་མོ་སོགས་དྲ་སྦྲེལ་གཞི་གྲངས་ཞབས་ཞུའི་གློག་སྤྱོད་ཚད་བརྒྱ་ཆའི་བཞི་བཅུ་གྲངས་ཆུང་གཅིག་ཡིན་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་དང་གྲངས་འཛིན་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན། འབྲི་ཆུའི་ཟུར་གསུམ་གླིང་གི་ལྟེ་བའི་མཚམས་ཝུའུ་ཧུའུ་གཞི་གྲངས་ལྟེ་གནས་ཁྱུ་ཚོགས་སུ། རྩིས་ཤུགས་དགོས་མཁོ་ཇེ་མང་དུ་སོང་བ་ལས་གཞི་གྲངས་ལྟེ་གནས་ཀྱི་གློག་སྤྱོད་ཚད་ཇེ་མང་དུ་འཕར།
ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་དངུལ་གཏོང་གཉེར་སྐྱོང་ཚད་ཡོད་ཀུང་སིའི་འགན་ཁུར་པ་ཧུའུ་རུང་གིས་བཤད་རྒྱུར། ང་ཚོའི་ད་ལོའི་རྩིས་ཤུགས་ཀྱི་གཞི་ཁྱོན་ན་ནིང་ལས་ལྡབ་གཅིག་འཕར་ཞིང་། ད་ལོའི་ཟླ་དྲུག་པར་ཧྲའན་ཞིའི་གློག་འཕྲིན་ཨན་ཧུའེ་ཡི་དམིགས་བསལ་མཐོ་གནོན་དུ་བཀོལ་བ་དང་། ད་དུང་ང་ཚོའི་ཁྱུ་ཚོགས་མཐའ་འཁོར་དུ་གསར་དུ་བསྣན་པའི་ཁྱབ་ཚུལ་ནུས་ཁུངས་ཡོད། གལ་ཏེ་རྨང་གཞིའི་སྒྲིག་བཀོད་འདི་དག་མེད་ཚེ། ང་ཚོས་གློག་སྤྱོད་ཚད་འདི་འདྲའི་མང་པོ་ཞིག་ཇི་ལྟར་འགན་སྲུང་བྱ་ཐུབ་རྒྱུ་ནི་ངོ་མས་བློ་ཡུལ་ལས་འདས་པ་ཞིག་རེད།
སྔར་བས་ལྗང་མདོག་དང་སྔར་བས་ནུས་མཐོ། སྔར་བས་བློ་གྲོས་ལྡན་པའི་རྣམ་པ་གསར་པའི་གློག་ཤུགས་མ་ལག་གིས་གཞི་ཁྱོན་ཚད་བརྒལ་གྱི་ནུས་ཁུངས་གསར་པ་གློག་དྲ་ཆེན་པོ་རུ་སྦྲེལ་བས་འཛམ་གླིང་རིམ་པའི་དཀའ་གནད་དེ་ཐག་གཅོད་བྱས། མིག་སྔར། ཕན་ཞི་དམིགས་བསལ་མཐོ་གནོན་བཟོ་སྐྲུན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། རང་རྒྱལ་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་ལས་འགོ་བརྩམས་པའི་དམིགས་བསལ་མཐོ་གནོན་བཟོ་སྐྲུན་ཐོག་མ་ཡིན་པའི་ཆ་ནས། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་ལོ་རེར་གློག་གཏོང་ཚད་ཏུའུ་ཐེར་ཆེན་གཅིག་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། རང་རྒྱལ་གྱིས་དམིགས་བསལ་མཐོ་གནོན་ཐད་རྒྱུག་བགྲོད་ལམ་ཆེན་པོ་བཅོ་ལྔ་གསར་སྣོན་བྱ་རྒྱུ་ཡིན་པ་དང་། ནུབ་གློག་ཤར་འདྲེན་གྱི་གཞི་ཁྱོན་སྟོང་ཝ་དུང་ཕྱུར་བཞི་བྱེ་བ་གཉིས་ལས་བརྒལ་ཏེ། ཀྲུང་གོའི་“ནུབ་གློག་ཤར་སྐྱེལ་དང་། བྱང་གློག་ལྷོ་འདོན། ཆུ་མེ་ཕན་ཚུན་ཁ་གསབ། རླུང་ཤུགས་དང་འོད་བརྟེན་གསབ་རེས་”བཅས་ཀྱི་ནུས་ཁུངས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུ་རེད།
2030ལོར་སླེབས་སྐབས། རང་རྒྱལ་གྱིས་རྣམ་པ་གསར་པའི་གློག་ཤུགས་མ་ལག་གསར་པ་ཐོག་མར་བསྐྲུན་འགོ་བརྩམ་རྒྱུ་ཡིན་ཏེ། ལྗང་མདོག་ཐཱན་ཉུང་གི་གློག་ཤུགས་མཁོ་སྤྲོད་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་རྣམ་བསྒྱུར་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་བས་སྲ་བརྟན་དང་ནུས་ལྡན་གྱི་འདེགས་སྐྱོར་འདོན་སྤྲོད་བྱ་རྒྱུ་རེད།