
ཉེ་ལམ་ཀྲུང་གོའི་ཟོང་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟླ་8པའི་ཀྲུང་གོའི་ཟོང་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་ཁྱབ་བསྒྲགས་བྱས། སྟོན་གྲངས་དེ་མུ་མཐུད་དུ་རྒྱ་སྐྱེད་པའི་བར་ཁོངས་སུ་གནས་ཡོད་པ་མ་ཟད། རྒྱ་སྐྱེད་ཇེ་མགྱོགས་སུ་ཕྱིན་ནས། རང་རྒྱལ་གྱི་ཟོང་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད།
ཟླ་8པར་ཀྲུང་གོའི་ཟོང་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་ནི་50.9%ཡིན་ལ། ཟླ་སྔོན་མ་ལས་བརྒྱ་ཆའི་གྲངས་གནས་0.5འཕར་ཡོད། དོན་ཚན་སྟོན་གྲངས་12ཁྲོད་ཟླ་སྔོན་མ་ལས་བསྐྱར་འཕར་བྱུང་བ་8ཡོད། ལས་སྒོའི་སྤྱི་འབོར་དང་མངགས་ཐོ་གསར་པ། ལས་ཞུགས་མི་སྣ་བཅས་སྟོན་གྲངས་འདི་གསུམ་ཟླ་བ་མང་པོར་ཆ་སྙོམས་ཀྱི་རྒྱ་སྐྱེད་བར་མཚམས་སུ་གནས་ཡོད།
ས་ཁུལ་བགོས་ནས་བལྟས་ཚེ། ཤར་རྒྱུད་དང་དབུས་རྒྱུད། ནུབ་རྒྱུད་ས་ཁུལ་བཅས་ཀྱི་ལས་སྒོའི་སྤྱི་འབོར་སྟོན་གྲངས་ཀྱི་བསྐྱར་འཕར་བལྟོས་བཅས་ཀྱིས་དོ་མཉམ་བྱུང་ཞིང་། དངོས་ཕུང་དཔལ་འབྱོར་གྱི་ཟོང་འགྲུལ་བྱེད་སྒོ་དང་། ཁུལ་ཁོངས་མཉམ་འགུལ་རང་བཞིན་ཆེ་རུ་ཕྱིན་པ། མཁོ་སྤྲོད་མུ་ཕྲེང་གི་སྟོད་སྨད་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་ཕྱིན་པ་བཅས་མཚོན་ཡོད།
བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ཆུ་ཚད་མངོན་གསལ་གྱིས་ཇེ་བཟང་དུ་སོང་བ་དང་བསྟུན། གློག་རླངས་འཕྲུལ་ཆས་བཟོ་སྐྲུན་དང་། སྨན་རྫས་བཟོ་སྐྲུན། རླངས་འཁོར་དང་ལྷུ་ལག་བཟོ་སྐྲུན། གློག་རྡུལ་གྱི་ལྷུ་ལག་ཆུང་བ་བཟོ་སྐྲུན་སོགས་ཀྱི་ཐོན་ལས་ཟོང་འགྲུལ་གྱི་དགོས་མཁོ་དེ་ཟླ་སྔོན་མ་དང་བསྡུར་ན་འཕར་སྣོན་བྱུང་ཡོད། འཛད་སྤྱོད་ཟོང་འགྲུལ་གྱིས་འཕེལ་རྒྱས་ཆེན་པོ་བྱུང་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། དབྱར་ཁའི་གུང་གསེང་འཛད་སྤྱོད་ཀྱི་སྐུལ་ཁྲིད་འོག སློབ་འགོ་ཚུགས་པའི་དུས་ཚིགས་དང་དེ་བཞིན“རྙིང་ཚབ་གསར་བརྗེའི”སྲིད་ཇུས་ཀྱིས་སྐུལ་འདེད་བཏང་བས། 3Cགློག་རྡུལ་དང་ཁྱིམ་ཆས། རིག་གནས་མཁོ་ཆས་སོགས་ཀྱི་དགོས་མཁོ་མངོན་གསལ་དོད་པོས་ཆེ་རུ་ཕྱིན། བརྟག་དཔྱད་ཞིབ་འཇུག་བྱེད་སའི་གློག་རྡུལ་ཚོང་དོན་སྟེགས་བུའི་སྟེང་། རིག་ནུས་སློབ་སྦྱོང་དང་ཁྱད་ལྡན་རིག་གནས་གསར་གཏོད། རིག་གནས་དང་ལུས་རྩལ། སློབ་གསོ་སོགས་རིགས་ཀྱི་མངགས་ཐོའི་གྲངས་འབོར་དེ་ཟླ་གོང་མ་ལས་འཕར་ཚད་10%ལས་བརྒལ་ཡོད།
ལོ་སྨད་དུ་སླེབས་རྗེས། སྲིད་ཇུས་ཀྱི་བརྡ་རྟགས་ཁྲིད་སྟོན་གྱི་ཕན་འབྲས་མངོན་གསལ་ཡིན་ལ། ཟོང་འགྲུལ་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་དང་ཁྲོམ་རའི་སྔོན་དཔག་ཚང་མར་འགྱུར་ལྡོག་བཟང་བོ་མངོན་ཡོད་ལ། ཟླ་8པའི་འབྲེལ་ཡོད་སྟོན་གྲངས་ཚང་མ་རྒྱ་སྐྱེད་ཀྱི་བར་མཚམས་སུ་རྒྱུན་འཁྱོངས་བྱས་ཡོད།
ཀྲུང་གོའི་ཟོང་འགྲུལ་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ལིའུ་ཡུས་ཧང་གིས་བཤད་རྒྱུར། ཟོང་འགྲུལ་ལས་རིགས་ཀྱི་འཕེལ་རྒྱས་སྟོན་གྲངས་དེ་བསྟུད་མར་ཟླ་མང་པོར་རྒྱ་སྐྱེད་ཀྱི་བར་མཚམས་སུ་རྒྱུན་འཁྱོངས་བྱས་ཡོད། དེས་སྤྱི་ཁོག་དཔལ་འབྱོར་གྱི་མཉེན་གཤིས་མཚོན་པ་མ་ཟད། མཁོ་སྤྲོད་འགན་ལེན་དང་མུ་ཕྲེང་བརྟན་པོ། དཔལ་འབྱོར་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བར་འགན་སྲུང་ནུས་ལྡན་བྱས་ཡོད།