རྒྱལ་ཡོངས་ཀྱི་སྟོན་འབྲུ་ཕྱོགས་ཡོངས་ནས་ཐོན་འབབ་མང་ཉུང་གི་གནད་འགག་ཆེ་བའི་དུས་སྐབས་སུ་སླེབས།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

སྟོན་འབྲུའི་ཐོན་ཚད་ཀྱིས་ལོ་ཧྲིལ་བོའི་འབྲུ་རིགས་ཐོན་ཚད་ཀྱི་བཞི་ཆའི་གསུམ་ཡས་མས་ཟིན་ཡོད། དེས་ན་བད་དཀར་དུས་གཟེར་སླེབས་ལ་ཉེ་སྟེ། སྟོན་འབྲུ་ཕྱོགས་ཡོངས་ནས་ཐོན་འབབ་མང་ཉུང་གི་གནད་འགག་དུས་སྐབས་སུ་སླེབས་པ་དང་། སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པས་ཞིང་ཁའི་དོ་དམ་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་ནས་ལོ་ལེགས་བྱུང་བའི་རྨང་གཞི་ཇེ་བརྟན་དུ་བཏང་།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་ཅང་ཧྲུའུ་ལིན་གྱིས་བཤད་རྒྱུར། གནས་འདི་ནི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན་པའི་ཧུའུ་ནན་ཁྲང་ཧྲ་ཡི་རིག་ནུས་ཞིང་ར་ཞིག་ཡིན། འདིའི་ལྟེ་བའི་ཁུལ་གྱིས་རྒྱ་ཁྱོན་མུའུ་བཞི་བརྒྱ་ལྔ་བརྒྱ་ཟིན་ཡོད་པ་དང་། སྲོལ་རྒྱུན་གྱི་མི་ཐབས་སྐོར་ཞིབ་བྱས་ན་ཆུ་ཚོད་གཅིག་ནས་གཉིས་ཙམ་དགོས། འོན་ཀྱང་ད་ལྟ་ལས་འགན་འདི་ངའི་རྒྱབ་ཕྱོགས་ན་ཡོད་པའི་མི་མེད་གནམ་གྲུ་ལ་སྤྲད་ཡོད།

འོད་ཤལ་མང་བའི་མི་མེད་གནམ་གྲུ་སྨི་བརྒྱ་ཡི་བར་སྣང་དུ་ལྡིང་སྐོར་རྒྱག ནད་འབུའི་གནོད་འཚེ་དང་སྐྱེ་ཚུལ་ཅུང་ཞན་ས་མཐོང་ཚེ། སྨི12ནས60བར་གྱི་དམའ་སར་བབས་ནས་ཉེ་ས་ནས་དེ་ལ་པར་རྒྱག་པ་དང་གནས་ཚུལ་བརྟག་དཔྱད་བྱེད། དེའི་རྗེས་སྤྲིན་སྣེའི་མི་ཐབས་རིག་ནུས་ཀྱི་རྩིས་སྟངས་ཀྱིས་དེ་ལ་འཕྲལ་མར་དབྱེ་ཞིབ་བྱས་ནས། ཚོན་ལྡན་ཆུ་འབྲས་སྐྱེ་ཚུལ་དབྱེ་ཞིབ་དཔེ་རིས་རང་འགུལ་ངང་འབྲི་ཐུབ།

ཀྲུང་ལིན་རིག་ནུས་ཞིང་ལས་བྱེད་ནུས་འདུས་གྲུབ་བཟོ་བཀོད་པ་ཝང་ཁའེ་རུའེ་ཡིས་བཤད་རྒྱུར། ང་ཚོའི་མི་མེད་གནམ་གྲུའི་མདོ་འགྱུར་ཚད་ཆེས་མཐོ་ན་ལྡབ100ལྷག་ལ་སླེབས་ཐུབ། དེར་བརྟེན་ཆུ་འབྲས་ལོ་མ་རེ་རེའི་མདོག་དང་དེའི་སྟེང་གི་ནག་ཐིག་སོགས་ཀྱང་གནད་ལ་འཁེལ་བའི་སྒོ་ནས་ལྟ་ཞིབ་ཚད་ལེན་བྱེད་ཐུབ།

ད་ལོར། རྒྱལ་ཡོངས་ཀྱི་ཞིང་སྤྱོད་མི་མེད་གནམ་གྲུ་འབུམ་གསུམ་ལྷག་གི་བཀོལ་སྤྱོད་བྱ་ཡུལ་དེ་ཞིང་ཁའི་སྐོར་ཞིབ་དང་ཞིང་ཁའི་ལྟ་ཞིབ་ཚད་ལེན།  འགྱུར་ལྡན་ལུད་གཏོང་སོགས་ཀྱི་ཁ་ཕྱོགས་གསར་པར་རྒྱ་སྐྱེད་ཚུལ་ཇེ་མགྱོགས་སུ་འགྱུར་བཞིན་ཡོད། ཨན་ཧུའེ་ཡི་མུའུ་བྱེ་བ་དྲུག་ས་ཡ་བཞི་འབུམ་བདུན་ལྷག་གི་སྟོན་འབྲུ་ནི་ནད་འབུའི་གནོད་འཚེ་འགོག་བཅོས་བྱེད་པའི་གནད་འགག་དུས་སྐབས་སུ་སླེབས་ཡོད། ཐའེ་ཧི་རྫོང་གི་ཐོན་མཐོའི་དཔེ་སྟོན་རྟེན་གཞི་རུ། རབས་གསར་པའི་རང་འགུལ་རྩི་ཤིང་ལོ་ཏོག་སྲུང་སྐྱོབ་མི་མེད་གནམ་གྲུ་འཚོ་བའི་ནང་དུ་དངོས་སུ་བཀོལ་སྤྱོད་བྱས། རྒྱ་ཁྱོན་སྨི་གྲུ་བཞི་གཅིག་ཙམ་ཟིན་པའི་རིག་ནུས་གྲུ་ཚང་གིས་སྐར་མ་གཉིས་དང་ཕྱེད་ཀའི་ནང་མི་མེད་གནམ་གྲུར་གློག་གསོག་པ་དང་ཆུ་ལུད་ཁ་སྣོན་གྱི་ལས་རིམ་ཆ་ཚང་རང་འགུལ་ངང་སྒྲུབ་ཐུབ། སྔོན་ཆད་མི་ཐབས་ལ་བརྟེན་ནས་ཁ་གསབ་བྱེད་པའི་བྱེད་སྟངས་བསྐྱུར་ནས་ཞིང་ཁའི་དོ་དམ་གྱི་ལས་ཕྱོད་འཕེལ་རྒྱས་ཆེན་པོ་ཐོན།

ཨན་ཧུའེ་ཞིང་ཆེན་ཧྥུ་དབྱང་གྲོང་ཁྱེར་ཐའེ་ཧི་རྫོང་གི་འབྲུ་འདེབས་དུད་ཆེན་ཞུས་ཞུས་ཏུང་གིས་བཤད་རྒྱུར། ང་ཚོ་ལ་བཀོལ་སྤྱོད་བྱ་ཡུལ་སྔར་ལས་མང་བ་མཁོ་འདོན་བྱས། ང་ཚོས་སྔོན་ཆད་མི་མེད་གནམ་གྲུས་ལུད་སྨན་གཏོར་ན་ཧ་ཅང་དཀའ་ཚེགས་ཆེ། ཚང་མ་མཚན་གུང་བར་དུ་འདུག་དགོས། ད་ལྟ་ངས་བྱ་རིམ་གཏན་འཁེལ་བྱས་རྗེས། མི་མེད་གནམ་གྲུས་རང་འགུལ་ངང་གཏན་ཁེལ་བྱས་པའི་དུས་ཚོད་ནང་ལུད་སྨན་གཏོང་ཐུབ། མི་མེད་གནམ་གྲུ་གཅིག་གིས་ས་ཞིང་མུའུ4000ལྷག་ལ་དོ་དམ་བྱེད་ཐུབ།

ད་ལོར། ཞིན་ཅང་གིས་གཞི་ཁྱོན་ཆེན་པོའི་ངང་རིག་ནུས་ཆུ་ལུད་གཞི་གཅིག་ཅན་གྱི་ཆ་བསྒྲིགས་སྒྲིག་བཀོད་ཁྱབ་གདལ་བཏང་།  ཚེ་ལེ་རྫོང་དུ། མུའུ་ཆིག་འབུམ་བཞི་སྟོང་གི་མ་རྨོས་ལོ་ཏོག་གི་ཞིང་ཁར་བརྔ་བསྡུ་མ་བྱས་གོང་གི་རེས་སྐོར་མཐའ་མའི་ཆུ་ལུད་དོ་དམ་བྱེད་བཞིན་ཡོད། རབས་གསར་པའི་རིག་ནུས་ཆུ་ལུད་གཞི་གཅིག་ཅན་གྱི་ཆ་བསྒྲིགས་སྒྲིག་བཀོད་ཀྱིས་ལོ་ཏོག་གི་ཆུ་མཁོ་ཚད་ལ་གཞིགས་ནས་ཡུག་ཁུལ་སོ་སོར་བགོས་ཞིང་དུས་ཚོད་སོ་སོར་བཀོད་སྒྲིག་བྱས་ནས་ཞིང་ཁར་ཐིགས་ཆུ་གཏོང་བ་དང་།  ཚད་ཉུང་ཐེངས་མང་ཆུ་གཏོང་བྱས་ནས་ཞིང་ཆུ་ཁ་གསབ་བྱེད་པ་དང་། ཆུ་ལུད་མཉམ་གཏོང་བྱས་ནས་གནད་ཁེལ་ལུད་གསབ་བྱེད་ཐུབ། ཆུ་ལུད་གྲོན་ཆུང་བྱེད་པའི་ཆབས་ཅིག་ཏུ། མ་རྨོས་ལོ་ཏོག་སྐྱེ་འཚར་གྱི་འགག་རྩའི་དུས་སུ་ཆུ་དང་འཚོ་བཅུད་འདང་ངེས་མཁོ་འདོན་བྱེད་རྒྱུར་འགན་སྲུང་ཡག་པོ་བྱས།

ད་ལོར། རང་རྒྱལ་གྱི་སྟོན་འབྲུ་སྐྱེ་འཚར་བྱེད་རིང་ཆར་ཆུ་འདང་ཞིང་གནོད་འཚེའི་ཤུགས་རྐྱེན་སྤྱིའི་ཆ་ནས་ཅུང་ཆུང་བས། སྙེ་མ་མིག་བླུག་ཡོང་བར་ཕན། སྔོན་དཔག་ལྟར་ན་ཟླ10པའི་ཚེས1ཉིན་ཡས་མས་གཞི་ཁྱོན་ཆེན་པོར་འབྲས་བུ་སྨིན་རྒྱུ་རེད། ལོ་ཏོག་བརྔ་བསྡུ་མ་བྱས་གོང་གཙོ་བོར་སྟོན་ཁའི་རྒྱ་མཚོའི་རླུང་འཚུབ་དང་སྟོན་ཁའི་ཚ་བ་དང་། དྲག་ཆར་ཆུ་ལོག་སོགས་གནམ་གཤིས་ཀྱི་གནོད་འཚེ་དང་། ད་རུང་ཆུ་འབྲས་དང་མ་རྨོས་ལོ་ཏོག་གི་ནད་འབུའི་གནོད་འཚེ་བཅས་ལ་འགོག་ཟོན་བྱས་ནས། ནུས་ཤུགས་ཡོད་རྒུས་ལོ་ལེགས་ཡོང་བར་བརྩོན་ལེན་བྱེད་དགོས།