
ནོར་སྲིད་པུའུ་ཡིས་ཉེ་ཆར་དམིགས་བསལ་རྒྱལ་བུན་སྒོར་ཁྲག་ཁྲིག་གསུམ་བཏང་ནས་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་། ཀྲུང་གོ་མི་དམངས་འགན་བཅོལ་སོགས་ཀྲུང་དབྱང་དངུལ་རྩའི་ཁེ་ལས་བརྒྱད་ཀྱིས་ལྟེ་བའི་རིམ་པ་དང་པོའི་མ་རྩ་ཁ་གསབ་བྱས་ནས་མ་རྩའི་དངུལ་འབོར་སྔར་ལས་འདང་བར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད།
ཐེངས་འདིར་ཀྲུང་གོ་བཟོ་ཚོང་དངུལ་ཁང་དང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་ལྟེ་བའི་རིམ་པ་དང་པོའི་མ་རྩ་ཁ་གསབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་ནི་ན་ནིང་རྒྱལ་དབང་ཚོང་ལས་དངུལ་ཁང་ཆེ་གྲས4ལ་མ་དངུལ་འཇོག་པའི་བྱ་བའི་རྒྱུན་མཐུད་ཡིན།
ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་དང་ཀྲུང་གོའི་ཕྱིར་གཏོང་ཡིད་རྟོན་འགན་བཅོལ་ཀུང་སི་སྟེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ལས་ཁུངས2ལ་མ་དངུལ་འཇོག་པ་ནི། ལས་ཁུངས་དེ་གཉིས་ཀྱིས་སྔར་ལས་ལེགས་པའི་ངང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱིར་ཕྱོགས་སྒོ་འབྱེད་ལ་ཞབས་འདེགས་ཞུ་རྒྱུར་ཕན་ཐོགས་ཡོད།
ཀྲུང་གོའི་མི་དམངས་འགན་བཅོལ་དང་། ཀྲུང་གོའི་ཚེ་ཐག་འགན་བཅོལ། ཀྲུང་གོའི་ཐའེ་ཕིང་འགན་བཅོལ། ཀྲུང་གོའི་ཡང་བསྐྱར་འགན་བཅོལ་སོགས་རྒྱལ་དབང་ཚོང་ལས་འགན་བཅོལ་སྡེ་ཚོགས་ཀུང་སི4ལ་མ་དངུལ་འཇོག་པ་ནི། དེ་ཚོའི་སྐྱིན་ཚབ་སྤྲོད་ནུས་དང་འགན་བཅོལ་དང་ལེན་ནུས་པ་ཇེ་ཆེར་བཏང་ནས། ཉེན་ཁ་འགན་སྲུང་གི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་ཐུབ།
མིག་སྔར། ཀྲུང་དབྱང་དངུལ་རྩའི་ཁེ་ལས་བརྒྱད་ཀྱི་གཉེར་སྐྱོང་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པ་དང་། རྒྱུ་ནོར་གྱི་སྤུས་ཚད་བརྟན་པོར་ཡོད་ལ། ལྟ་སྐུལ་དོ་དམ་གྱི་དམིགས་ཚད་གཙོ་བོའང་འཁོར་སྐྱོད་བརྟན་པོ་རེད། ཐེངས་འདིའི་མ་རྩའི་ཁ་གསབ་ཀྱིས་ཁེ་ལས་འདི་དག་གི་བརྟན་འཇགས་གཉེར་སྐྱོང་ནུས་པ་དང་། ཉེན་ཁ་འགོག་པའི་ནུས་པ། དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ནུས་པ་བཅས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་དང་། རྒྱལ་དམངས་དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་རྒྱུར་ཕན་ཐོགས་ཡོད།