
ཚོང་དོན་པུའུ་སོགས་སྡེ་ཁག་བདུན་གྱིས《ཚོང་ཟོག་འཛད་སྤྱོད་རྒྱ་སྐྱེད་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཞིབ་ཕྲའི་བྱ་ཐབས་མང་པོ་བཏོན་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ལ་ཚོང་ཟོག་འཛད་སྤྱོད་ཀྱི་རྒྱ་ཁྱོན་བརྟན་འཇགས་ངང་རྒྱ་སྐྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན།
སྤྱོད་སྒོ་ཆེ་བའི་ཚོང་ཟོག་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་ནས། རླངས་འཁོར་ཕྱིར་འཚོང་དང་། ཐོ་འགོད། ཞིག་གསོ་སོགས་འདུ་བའི་རླངས་འཁོར་གྱི་དུས་འཁོར་ཧྲིལ་པོའི་ཆ་འཕྲིན་བརྗེ་རེས་མ་ལག་བཙུགས། དྲང་གཞག་གཉེར་སྐྱོང་དང་ཞབས་ཞུ་ཚད་ལྡན་ཅན་གྱི་ཁྱིམ་སྒྲིག་ཁེ་ལས་དང་ལས་སྟེགས་ཆེ་གྲས་ཁག་ཅིག་སྐྱེད་སྲིང་བྱ་དགོས། འཚོ་བའི་རྒྱུན་མཁོའི་ཚོང་ཟོག་འཛད་སྤྱོད་ཇེ་མཐོར་གཏོང་བའི་ཐད་ནས། ཇུས་འགོད་པའི་ཟོང་རྟགས་གྲགས་ཅན་དང་མི་རིགས་ཀྱི་ཁྱད་ལྡན་ས་ཁོངས་ཀྱི་ཟོང་རྟགས་གྲགས་ཅན་འཕེལ་རྒྱས་གཏོང་བ་དང་། 3Dཔར་འདེབས་ཀྱི་འབྲེལ་ཡོད་ཐོན་རྫས་འཛད་སྤྱོད་རྒྱ་སྐྱེད་བཏང་། འཛད་སྤྱོད་དངོས་རྫས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བའི་ཐད་ནས། རིག་ནུས་ཁྱིམ་ཆས་ཕན་ཚུན་སྦྲེལ་མཐུད་ཀྱི་ཚད་གཞི་གང་མགྱོགས་ཀྱིས་གཏན་ལ་ཕབ་སྟེ། གཙོ་གནད་ཚད་གཞིའི་ལམ་ལུགས་བཟོ་བཅོས་ཀྱི་དུས་འཁོར་ཇེ་ཐུང་དུ་བཏང་།
དེ་ལས་གཞན། 《ལག་བསྟར་བསམ་འཆར》གྱིས་ད་དུང“རྒན་པ་གཅིག་དང་བྱིས་པ་གཅིག”གི་རང་གཤིས་ཅན་གྱི་དགོས་མཁོར་དམིགས་ཏེ། ཕྱིའི་རུས་སྒྲོམ་འཕྲུལ་མི་དང་། གློག་སྒུལ་རྐུབ་སྟེགས་འཁོར་ལོ་སོགས་ཀྱི་ཐོན་རྫས། དེ་མིན་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་སྒྲིག་ཆས་རྒན་པའི་ཁྱིམ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། རྒན་པར་འཚམ་པའི་ཐོན་རྫས་ཀྱི་ངོས་འཛིན་ལམ་ལུགས་འཛུགས་རྒྱུར་འཚོལ་ཞིབ་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་བྱིས་པའི་རྩེད་ཆས་དང་ལུས་རྩལ་ཡོ་བྱད་སོགས་ཀྱི་ཐོན་རྫས་ཚུར་བསྡུ་དང་ལག་བརྒྱུད་ཉོ་ཚོང་གི་ཐབས་ལམ་འཛུགས་པར་སྐུལ་མ་བཏང་སྟེ། འབྲེལ་ཡོད་ཐོན་རྫས་རེས་འཁོར་བེད་སྤྱོད་བྱེད་པར་བདེ་འཇགས་དང་ཡིད་རྟོན་རུང་བའི་འགན་སྲུང་འདོན་སྤྲོད་བྱ་དགོས་པ་བཏོན་ཡོད་པ་རེད།