
ལི་ཆང་གིས་བསྟན་དོན། ཁ་ཐར་ནི་དབུས་ཤར་མཚོ་ཁུག་ས་ཆའི་ཀྲུང་གོའི་འཐབ་ཇུས་རོགས་ཟླ་གལ་ཆེན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐ་སྨི་མུའུ་ཨའེ་སྨི་འར་གཉིས་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཁཱ་ཐར་གྱི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་སུ་འགྲོ་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་ཇེ་བརྟན་དུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐར་ཕྱོགས་དང་མཉམ་འབྲེལ་མཉམ་ལས་ལ་ཤུགས་སྣོན་དང་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་འདོད་ཡོད་ལ། ནུས་ཁུངས་དང་། མ་འཇོག མིས་བཟོས་རིག་ནུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས། ཕྱོགས་གཉིས་ཀྱིས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་དྲང་བདེན་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐར་སོགས་དབུས་ཤར་མཚོ་ཁུག་རྒྱལ་ཁབ་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྔ་མོ་ནས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སླར་གསོ་བྱ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
མུའུ་ཧན་མུའུ་ཏི་ཡིས་བཤད་རྒྱུར། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་གཅེས་སྤྲས་བྱས་ཏེ་ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་སྟེ། དཔལ་འབྱོར་ཚོང་དོན་དང་། མཐོ་གསར་ཚན་རྩལ། སྔོན་ཐོན་བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི“དུས་རབས་ཡག་ཤོས”གསར་བ་དེ་ཐུན་མོང་ཐོག་གཏོད་དགོས།