ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཧྥུའུ་ཅན་དང་ཞ་མོན་དུ་ཀྲུང་གོར་ཀྲུང་གོའི་རྒྱལ་སྤྱིའི་དངུལ་གཏོང་ཉོ་ཚོང་ངོ་འཕྲལ་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པར་ཞུགས་མཁན་པུར་ཀ་རི་ཡའི་ཙུང་ལི་གཞོན་པ་དང་། དཔལ་འབྱོར་དང་དངུལ་གཏོང་། བཟོ་ལས་པུའུ་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་མཁན་ཕུའུ་ལེ་ཧྥུའུ་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་འཕེལ་རྒྱས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོའི་འགན་གཅིག་ལྕོགས་སུ་བཞེས་མཁན་སུན་ཀྲན་ཐུའོ། སེར་ཝེ་ཡའི་ཙུང་ལི་གཞོན་པ་དང་དཔལ་འབྱོར་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་བཞེས་མཁན་མའེ་ས་ལུའོ་ཝུའེ་ཆི་བཅས་སོ་སོར་མཇལ་འཕྲད་གནང་།
ཕུའུ་ལེ་ཧྥུའུ་ལ་མཇལ་འཕྲད་གནང་སྐབས། ཧན་ཀྲེང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་པུར་ཀ་རི་ཡའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་ནས། ཕྱོགས་གཉིས་ཀྱིས་ཞིང་ལས་དང་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཏན་ཏན་ཏིག་ཏིག་གི་ཁེ་ཕན་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་པུར་ཀ་རི་ཡ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་ཁྱོན་ཆེ་རུ་གཏོང་བ་དང་། དངུལ་གཏོང་སྦྲེལ་མཐུད་ལ་ཤུགས་སྣོན། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་པུར་ཀ་རི་ཡ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། པུར་ཀ་རི་ཡའི་ཕྱོགས་ཀྱིས་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཕུའུ་ལེ་ཧྥུའུ་ཡིས་བསྟན་དོན། པུར་ཀ་རི་ཡའི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་དམ་དུ་གཏོང་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་ཀྱིས་པུར་ཀ་རི་ཡ་རུ་དངུལ་གཏོང་ལས་སྐྲུན་བྱེད་པར་དགའ་བསུ་ཞུ།
སུན་ཀྲན་ཐུའོ་ལ་མཇལ་འཕྲད་གནང་སྐབས་ཧན་ཀྲེང་གིས་བསྟན་དོན། ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཀྲུའུ་ཞི་ཧུང་སེན་དང་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ལ་མཇལ་འཕྲད་གནང་སྟེ། དུས་རབས་གསར་པར་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲིད་གཞུང་བར་གྱི་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཉོ་ཚོང་དངུལ་གཏོང་གཞི་གཅིག་ཅན་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་མཐུན་མཉམ་ལས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
སུན་ཀྲན་ཐུའོ་ཡིས་བསྟན་དོན། ཁམ་ཕུ་ཁྲེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཤིན་ཏུ་ཟབ་པས། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་བཞིན་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཡུལ་སྐོར། དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
མའེ་ས་ལུའོ་ཝུའེ་ཆི་དང་མཇལ་འཕྲད་གནང་སྐབས་ཧན་ཀྲེང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སེར་ཝེ་ཡའི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ10འཁོར་བའི་ལོ་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ད་ལོའི་ཟླ5པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་འཛིན་ཝུའུ་ཆའེ་ཆིས་དང་སླར་ཡང་མཇལ་འཕྲད་གནང་ནས་དུས་རབས་གསར་པའི་ཀྲུང་སར་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་། ཀྲུང་གོས་སེར་ཝེ་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཕྱོགས་གཉིས་ཀྱི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་གཟིགས་སྐྱོང་བཀོད་སྒྲིག་ཡག་པོ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་། མ་དངུལ་འཇོག་པ། རྨང་གཞིའི་སྒྲིག་བཀོད། གསར་དར་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོའི་ཁེ་ལས་ཀྱིས་སེར་ཝེ་ཡ་རུ་མ་འཇོག་ལས་སྤེལ་བྱེད་པར་སྐུལ་མ་བཏང་ནས་ཀྲུང་གོ་དང་སེར་ཝེ་ཡ་མཛའ་མཐུན་མཉམ་ལས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
མའེ་ས་ལོ་ཝེ་ཆིས་བསྟན་དོན། སེར་ཝེ་ཡས་སེར་ཝ་ཡ་དང་ཀྲུང་གོའི་མཐོ་རིམ་གཙོ་འཛིན་བར་ཕན་ཚུན་ཡིད་ཆེས་བྱ་རྒྱུར་མཐོང་ཆེན་བྱས་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་བསྐྱར་བསྒྲགས་བྱས་ཡོད་ལ། ཀྲུང་གོས་སེར་ཝེ་ཡའི་རྒྱལ་ཁབ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།