ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་དང་ཁྲིམས་འཛུགས་ཆེད་དོན་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

  ཟླ9པའི་ཚེས1ཉིན་ནས་ཚེས3ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དང་ནང་ཆེན་རྫོང་དུ་སོང་ནས། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གི་ཆེད་དམིགས་འདྲི་རྩད་དང་ཡུལ་ཧྲུའུ་ཡི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ཁྲིམས་འཛུགས་བྱ་བར་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གསུམ་པ་དང་ནང་ཆེན་རྫོང་བཀྲ་ཤིས་ཐང་སྡེ་ཁུལ། ཡུས་ཧྲུའུ་གྲོང་ཁྱེར་བྱ་ཤུལ་ཁོག་སྲང་ལམ་དོན་གཅོད་ཁང་སོགས་གཞི་རིམ་ཞབས་ཞུའི་ཁུལ་དུ་སོང་ནས། དབང་བོ་སྐྱོན་ཅན་གྱི་ལས་ཞུགས་ལས་འགན་འདོན་སྤྲོད་དང་ཁེ་དབང་མཐའ་སྲུང་འགན་ལེན། ལས་གཏོད་རོགས་སྐྱོར་སྲིད་ཇུས་དངོས་འབེབས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཡུས་ཧྲུའུ་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐུལ་སྤེལ་ཁྲིམས་འཛུགས་སྐུལ་འདེད་དངོས་འབེབས་ཀྱི་སྤྱིའི་མྱུར་ཚད་ཁོང་དུ་ཆུད་པར་བྱས་ཏེ། བསམ་ཚུལ་དང་གྲོས་གཞི་རྒྱ་ཆེར་སྡུད་ལེན་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ནི་དམངས་འཚོའི་བྱ་བ་གཙོ་བོ་ཡིན་ལ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ཁྲིམས་འཛུགས་ནི་བཅོས་སྐྱོང་ཕན་འབྲས་མཐོར་འདེགས་གཏོང་བའི་ཁྲིམས་སྐྱོང་གཞི་རྟེན་ཡིན། རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། དབང་བོ་སྐྱོན་ཅན་གྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམ་པོར་དམིགས་ནས། ཁེ་དབང་འགན་སྲུང་དངོས་འབེབས་དང་ས་གནས་ཁྲིམས་འཛུགས་ཀྱི་སྤུས་ཀ་མཐོར་འདེགས་གཏོང་བའི་གཙོ་གནད་བྱ་བ་གཉིས་གཅིག་འདོམས་ཀྱིས་དམ་འཛིན་ལེགས་པོ་བྱ་དགོས།  དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་བྱ་བའི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ནད་གཞི་དྲག་སྐྱེད་དང་ལས་ཞུགས།  རོགས་སྐྱོབ། གེགས་མེད་འཛུགས་སྐྲུན་སོགས་མུ་ཕྲེང་ཧྲིལ་བོའི་འགན་སྲུང་བྱེད་ཐབས་སྔར་ལས་འཐུས་ཚང་དུ་བཏང་སྟེ། དམིགས་བསལ་ཚོགས་པའི་དགོས་མཁོར་གནད་འཁེལ་སྦྲེལ་མཐུད་བྱེད་པ་དང་། དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐུལ་སྤེལ་ཁྲིམས་འཛུགས་ཀྱི་འབྲེལ་ཡོད་བྱ་བར་ནུས་མཐོའི་ངང་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་གཞི་རིམ་བཅོས་སྐྱོང་གི་དངོས་ཡོད་གཉིས་ཟུང་འབྲེལ་བྱས་ནས། སྲོལ་ཡིག་གི་ནང་དོན་ཞིབ་ཕྲ་བཟོ་བ་དང་། ཁྲིམས་འཛུགས་ཀྱི་དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན། དངོས་ཕན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ། ཁྲིམས་ལུགས་བཟང་པོའི་བཅོས་སྐྱོང་ལེགས་པོས་སྤྱི་ཚོགས་དཔལ་ཡོན་དར་སྲོལ་ལ་ཁྲིད་སྟོན་བྱ་དགོས། སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་། དམངས་ཆེན་གྱི་ལྟ་སྐུལ་དང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འགན། གཞི་རིམ་དངོས་འབེབས་བཅས་ཀྱི་བྱ་བའི་མཉམ་ཤུགས་གཅིག་བསྡུས་བྱས་ཏེ། རྒྱུན་རྣམ་ཅན་གྱིས་དབང་བོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་གི་འབུར་ཐོན་གནད་དོན་གྲལ་བཤེར་དང་ཐག་གཅོད་བྱས་ནས། དབང་པོ་སྐྱོན་ཅན་གྱི་ཐོན་སྐྱེད་འཚོ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་བསྟུད་མར་ལེགས་སྒྱུར་བྱ་དགོས།

ལྷ་མོ་འཚོས་བསྒྱུར།