ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཉེ་ཆར།   ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་དུ་སོང་ནས་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་མིན་ཡོན་རྫོང་དང་མདོ་ལ་རྫོང་གི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དང་རིག་གནས་ཡུལ་སྐོར་ལས་གཞི་ཁུལ།  ཆོས་ལུགས་བྱེད་སྒོ་སྤེལ་ས། དེ་བཞིན་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་སུ་སོང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་དང་དམ་པོར་འབྲེལ་ཏེ། “མི་རིགས་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་མི་རིགས་སོ་སོ་ཕན་ཚུན་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་རོགས་འདེགས་བྱེད་པ་དང་།”   “ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པ”སོགས་ནང་དོན་ལ་དམིགས་ཏེ་རྟོག་ཞིབ་བྱས་པ་དང་།   བཅའ་ཁྲིམས་ལག་བསྟར་གནས་ཚུལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱ་བའི་ཕན་ནུས་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས།   དེར་མ་ཟད། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་རྣམས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དྲིལ་སྒྲོག་དང་འགྲེལ་ཀློག་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་རང་རྟོགས་ངང་ཁྲིམས་བརྩི་བ་དང་ཁྲིམས་སློབ་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ལ་སྐུལ་ཁྲིད་བྱས།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན།   སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་བརྟན་སྲུང་དང་། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་དགོས་པ་དང་།   སྐྱེ་ཁམས་ཐོན་ཁུངས་དགེ་མཚན་དེ་འཕེལ་རྒྱས་དགེ་མཚན་དང་དམངས་ཕྱུག་དགེ་མཚན་དུ་འགྱུར་བར་བྱས་ཏེ། འཕེལ་རྒྱས་གྲུབ་འབྲས་མཉམ་བསྐྲུན་མཉམ་སྤྱོད་བྱེད་པའི་ཁྲོད་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་དགོས། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞིའི་བྱེད་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བསམ་བློའི་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ། གསར་བརྗེའི་གཏམ་རྒྱུད་ལེགས་པོར་བཤད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ཆགས་པར་བྱེད་པ་བཅས་བྱས་ཏེ། རིགས་སོ་སོའི་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་སྒྲིལ་ཤུགས་ཆེན་པོ་གཅིག་བསྡུས་བྱེད་དགོས།  མཚོ་སྔོན་ཞིང་ཆེན་དམངས་ཆེན་མི་རིགས་ཕྱི་སྡོད་རང་མིའི་ལས་དོན་ཕྱི་དོན་ཨུ་ཡོན་ལྷན་ཁང་གིས་རྟོག་ཞིབ་གནས་ཚུལ་ལེགས་སྒྲིག་དང་སྤྱི་སྡོམ་བྱེད་དགོས་པ་དང་། ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོར་སློབ་སྦྱོང་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བའི་ཁྲིམས་སྐྱོང་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་རྟོག་ཞིབ་སྙན་ཞུ་གྲུབ་པར་བྱེད་པ། བསམ་འཆར་དང་གྲོས་གཞི་འདོན་པ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་མཚོ་སྔོན་ཞིང་ཆེན་དུ་ཕྱོགས་ཡོངས་དང་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།