
ཟླ9པའི་ཚེས16ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཀོང་ཞི་ཆིན་ཀྲོའུ་རུ་ཕིན་ལུའུ་མིས་བཟོས་གཙང་པོའི་གྲུ་གཟིངས་ཤར་གཏོང་མཛད་སྒོར་ཞུགས།
གྲུ་གཟིངས་ཤར་གཏོང་གི་མཛད་སྒོ་དེ་ཕིན་ལུའུ་མིས་བཟོས་གཙང་པོའི་མཱ་ཏའོ་ལྟེ་གནས་སུ་བསྡུས་པ་དང་། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་དང་བཟོ་སྐྲུན་འཛུགས་སྐྲུན་པའི་འཐུས་མིས་ཡུལ་དངོས་ནས་གཏམ་བཤད་སྤེལ། ཆུ་ཚོད10དང་སྐར་མ25ཡི་སྟེང་། ཏིང་ཞུའེ་ཞང་གིས་ཕིན་ལུའུ་མིས་བཟོས་གཙང་པོར་གྲུ་གཟིངས་ཤར་གཏོང་བྱས་པ་བསྒྲགས་པ་དང་མཉམ་དུ་གྲུ་གཟིངས་ཀྱི་དུང་བརྡ་གཏོང་འགོ་བརྩམས།
ཏིང་ཞུའེ་ཞང་གིས་ཡུལ་དངོས་སུ་མིས་བཟོས་གཙང་པོ་འཛུགས་སྐྲུན་བྱས་ཚུལ་ལ་རྟོག་ཞིབ་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕིན་ལུའུ་མིས་བཟོས་གཙང་པོའི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད་པར་མ་ཟད། མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོ་བའི་ཕིན་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་བྱས་ནས་སྤུས་ལེགས་བཟོ་སྐྲུན་དང་། ལྗང་མདོག་བཟོ་སྐྲུན། སྤྱོད་གཙང་བཟོ་སྐྲུན་བཅས་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད། ལོ་ངོ་བཞིའི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཕིན་ལུའུ་མིས་བཟོས་གཙང་པོ་བདེ་བླག་ངང་བསྐྲུན་ནས་གྲུ་གཟིངས་ཤར་གཏོང་བྱས་ཤིང་། དེས་ཏང་ཀྲུང་དབྱང་གི་ཐུགས་རེ་ཆེན་པོ་ཐེག་ཡོད་པར་མ་ཟད། འབྲེལ་ཡོད་ཀྱི་ཕྱོགས་སོ་སོ་དང་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་དང་། རྒྱ་ཆེའི་འཛུགས་སྐྲུན་པའི་དཀའ་སྤྱད་ཀྱི་རྔུལ་ཆུ་འདུས་ཡོད། མིས་བཟོས་གཙང་པོ་བསྐྲུན་ནས་གྲུ་གཟིངས་ཤར་གཏོང་བྱས་པ་འདི་གོ་སྐབས་སུ་བཟུང་སྟེ། ཆུ་ཚད་མཐོ་བའི་སྒོ་ནས་བྱང་རྒྱུད་མཚོ་ཁུག་གི་རྒྱལ་སྤྱིའི་གཙོ་ཆེའི་གྲུ་ཁ་བསྐྲུན་དགོས་ལ། ནུབ་རྒྱུད་ས་ཁུལ་གྱི་སྒོ་འབྱེད་རྒྱ་སྐྱེད་ལ་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཏིང་ཞུའེ་ཞང་ད་དུང་གྲུ་གཟིངས་ཐོག་བསྐྱོད་དེ་མིས་བཟོས་གཙང་པོའི་གྲུ་ལམ་འཁོར་སྐྱོད་དང་འགྲམ་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་སྐོར་ཞིབ་གནང་། ཁོས་བསྟན་དོན། ཕིན་ལུའུ་མིས་བཟོས་གཙང་པོ་དེ་ཆུ་ལམ་དང་ལྕགས་ལམ། མཚོ་ལམ་བཅས་ཐབས་མང་མཉམ་སྐྱེལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་པའི་ཆ་ནས། འདི་ནི་ནུབ་རྒྱུད་སྐམ་མཚོའི་བགྲོད་ལམ་གསར་པའི་རྐང་འཛིན་བཟོ་སྐྲུན་ཞིག་ཡིན་པས། གཉེར་སྐྱོང་དོ་དམ་ཡག་པོ་བྱས་ནས་སྐྱེལ་འདྲེན་བྱེད་ཤུགས་འགན་སྲུང་དང་དངོས་ཟོག་ཡོང་ཁུངས་རྩ་འཛུགས་ལ་ཤུགས་སྣོན་དང་། སྐམ་མཚོའི་གཅིག་གྱུར་འཆར་འགོད་དང་ཕྱི་ནང་མཉམ་འགུལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། གཙང་པོ་དང་རྒྱ་མཚོ་བརྒལ་བའི་ཆུ་ལམ་ཡག་ཤོས་འདི་བདེ་འཇགས་དང་ཆོད་ཆེའི་ངང་འཁོར་སྐྱོད་ཐུབ་པར་བྱས་ཏེ། དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བ་མངོན་འགྱུར་བྱེད་དགོས།
ཕིན་ལུའུ་མིས་བཟོས་གཙང་པོ་འདི་ཀོང་ཞི་ནན་ཉིན་དང་བྱང་རྒྱུད་མཚོ་ཁུག་དང་འབྲེལ་ཡོད་པས། ཀོང་ཞི་ཡིས་མཚོ་འགྲུལ་ལ་བརྟེན་ནས་སྟོབས་ཆེར་གཏོང་བ་དང་སྒོ་འབྱེད་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱིས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྒུལ་ནུས་གསར་པ་བསྩལ།