ཧན་ཀྲེང་པེ་ཅིང་ཞང་ཧྲན་གླེང་སྟེགས་སྐབས་བཅུ་གསུམ་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཁུངས། ཀློག་གྲངས།

ཟླ་དགུ་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་པེ་ཅིང་ཞང་ཧྲན་གླེང་སྟེགས་སྐབས་བཅུ་གསུམ་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲེང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་དང་རྙོག་འཛིང་ཆེ། འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་ལ་ཁ་གཏད་དེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་བཏོན་ནས། མིའི་རིགས་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་བྱེད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཧན་ཀྲེང་གིས་གྲོས་འགོ་བཞི་བཏོན་པ་སྟེ།  གཅིག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་སྲུང་སྐྱོང་རྒྱུན་འཁྱོངས་བྱེད་དགོས་ལ། བདག་དབང་འདྲ་མཉམ་རྒྱུན་འཁྱོངས་བྱས་ནས། ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་དང་། རྟག་ཏུ་དྲག་ཤུགས་སྤྱོད་པའམ་དྲག་ཤུགས་ཀྱིས་འཇིགས་སྣང་སྐུལ་བར་ངོ་རྒོལ་བྱེད་དགོས། གཉིས་ནས་དངོས་འབྲེལ་གྱི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་རང་བདག་གིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་དང་སྤྱི་ཚོགས་ཀྱི་ལམ་ལུགས་ལ་བརྩི་འཇོག་དང་།  རྒྱལ་ཁབ་སོ་སོའི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་བརྩི་འཇོག་བྱས་ཏེ།   སྔར་ལས་དཀྱེལ་ཡངས་རང་བཞིན་དང་དྲང་བདེན་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་རྣམ་པ་བསྐྲུན་དགོས། གསུམ་ནས་གླེང་མོལ་དང་གྲོས་མོལ་བྱས་པར་བརྟེན་ནས་ཕྱོགས་འགལ་དང་རྩོད་གཞི་སེལ་བ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཉམས་ཉེན་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་ཕན་པའི་འབད་བརྩོན་ཡོད་ཚད་ལ་རྒྱབ་སྐྱོར་བྱས་ཏེ། འགལ་ཟླ་རིམ་སྤོར་དང་ཚབས་ཆེན་དུ་འགྱུར་བར་སྔོན་འགོག་བྱེད་དགོས། བཞི་ནས་མི་རྩ་བར་འཛིན་པ་དང་ཚན་རྩལ་གྱིས་ཕན་བདེ་བསྐྲུན་པ་རྒྱུན་འཁྱོངས་བྱེད་དགོས་ལ། གསར་དར་ཁྱབ་ཁོངས་ཀྱི་བཅོས་སྐྱོང་སྒྲིག་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། གོ་ལ་ཧྲིལ་པོའི་ཞི་བདེ་དང་འཕེལ་རྒྱས་ལས་དོན་ལ་ཞབས་འདེགས་ཞུ་དགོས།

ཧན་ཀྲེང་གིས་བསྟན་དོན། ཀྲུང་གོ་ནི་འགན་འཁུར་བའི་རྒྱལ་ཁབ་ཆེན་པོ་ཞིག་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་རང་ངོས་ཀྱི་འཕེལ་རྒྱས་དེ་མིའི་རིགས་འཕེལ་རྒྱས་ཀྱི་གནས་ཚད་མ་ལག་ཏུ་བཞག་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་ཞི་བདེ་བརྟན་བརླིང་དང་དར་རྒྱས་གོང་འཕེལ་ཡོང་བར་དགོས་ངེས་ཀྱི་བྱས་རྗེས་འཇོག་བཞིན་ཡོད་ཅིང་། ཐོག་མཐའ་བར་གསུམ་དུ་ཞི་བདེའི་སྟོབས་ཤུགས་དང་། དྲང་བདེན་གྱི་སྟོབས་ཤུགས། ཡར་ཐོན་གྱི་སྟོབས་ཤུགས་བཅས་ཡིན། པེ་ཅིང་ཞང་ཧྲན་གླེང་སྟེགས་བཙུགས་ནས་ལོ་ཉི་ཤུ་འགོར་བའི་རིང་།  བདེ་འཇགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་འགོག་སྲུང་ལས་དོན་མཉམ་ལས་ལ་སྐུལ་སྤེལ། ས་ཁུལ་གྱི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བཅས་ལ་ནུས་པ་གལ་ཆེན་བཏོན་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས“བརྟན་བརླིང་གི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་ནས། བདེ་འཇགས་བཅོས་སྐྱོང་ལ་སྐུལ་སྤེལ་གཏོང་བ་”ཞེས་པ་བརྗོད་དོན་གཙོ་བོར་བྱས་པས། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན།  ཚོགས་ཞུགས་སྐུ་མགྲོན་ཚོས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་ཏེ། རྒྱལ་སྤྱིའི་བདེ་འཇགས་མཉམ་ལས་ལ་སྐུལ་སྤེལ་བཏང་ནས། འཛམ་གླིང་གི་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་པར་བྱས་རྗེས་གསར་བ་འཇོག་པའི་ཐུགས་རེ་བཅངས་ཡོད།

ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིན་མུན་དགའ་བསུའི་གསོལ་སྟོན་ལ་ཞུགས།

གླེང་སྟེགས་ལ་ཞུགས་པའི་རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས་100ཙམ་གྱི་གཞུང་ཕྱོགས་འཐུས་ཚབ་སོགས་གསོལ་སྟོན་ལ་ཞུགས།