
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ། སྔོན་ཐོན་བཟོ་སྐྲུན་ལས་རིགས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བཏང་ནས་ ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ནུས་ལྡན་འདེགས་སྐྱོར་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན།
སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལ་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱས། ཚང་མས་བསྟན་དོན། སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། མུ་མཐུད་དུ་ཤུགས་སྣོན་པ་དང་སྙིང་རུས་རྒྱུན་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་གྱི་དམིགས་འབེན་ཕྱོགས་སུ་མདུན་དུ་སྐྱོད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་མུ་མཐུད་དུ་འཕེལ་རྒྱས་བྱུང་ནས། གསར་གཏོད་ཀྱི་ནུས་པ་དང་འགྲན་རྩོད་ཀྱི་ནུས་པ། ཕྱོགས་བསྡུས་དངོས་ཤུགས་བཅས་མངོན་གསལ་གྱིས་ཆེ་རུ་ཕྱིན་ཡོད་པ་མ་ཟད། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།
རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ཐོན་ལས་འཕེལ་རྒྱས་སིའི་སི་ཀྲང་གཞོན་པ་ཧྲའོ་ཅི་ཡིས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི་ལོ་ཡིན་ལ། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོགས་ཆེན་ཚོགས་པས། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བ་དེས་འཐབ་ལམ་གསར་པའི་སྟེང་བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད་པ་མ་ཟད། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་སྟེ། གཙོ་གནད་ཐོན་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ལ། མཐོ་རིམ་དང་འབྲིང་རིམ་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་རྒྱུ་ཡིན། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཐབས་མང་མཉམ་སྤྱོད་ཀྱིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན།
བཟོ་ལས་དང་ཆ་འཕྲིན་ཅན་པུའུ་འཆར་འགོད་སིའི་སི་ཀྲང་ཡའོ་ཅོན་གྱིས་བཤད་རྒྱུར། རང་རྒྱལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་གཏོང་བར་གྲུབ་འབྲས་གལ་ཆེན་བླངས་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣེ་ཁྲིད་ཀྱི་ཕྱོགས་སྟོན་ལ་རག་ལས་ཡོད་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལའང་རག་ལས་ཡོད། ང་ཚོས་རྣམ་པ་གསར་བའི་བཟོ་ལས་ཅན་གྱི་གཞི་རྩའི་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་མུ་མཐུད་ཇེ་རྒྱས་ཇེ་ལེགས་གཏོང་རྒྱུ་ཡིན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། རིག་ནུས་ཅན་དང་ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས་སྔོན་ཐོན་བཟོ་སྐྲུན་ལས་རིགས་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། ཐོན་ལས་མུ་ཕྲེང་གི་རང་བདག་ཚོད་འཛིན་ཐུབ་པའི་ཆུ་ཚད་མཐོ་རུ་བཏང་སྟེ། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་གྱུར་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་སྒྲིག་འཛུགས་བྱ་དགོས་ལ། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས།
ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་་གཏོང་བའི་དོན་སྙིང་གལ་ཆེན་དང་ཁ་ཕྱོགས་ཀྱི་ཐབས་ལམ། ལས་འགན་གཙོ་བོ་བཅས་རྒྱས་བཤད་གཏིང་ཟབ་གནང་ཡོད་པས། འཐབ་ཇུས་རང་བཞིན་དང་མཛུབ་སྟོན་རང་བཞིན། དམིགས་གཏད་རང་བཞིན་བཅས་ཀྱི་དོན་སྙིང་ལྡན་ལ། འབྲེལ་ཡོད་བྱ་བ་ལེགས་པོར་བསྒྲུབ་པར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད།
ནོར་སྲིད་པུའུ་དཔལ་འབྱོར་འཛུགས་སྐྲུན་སིའི་སི་ཀྲང་གཞོན་པ་ཧྥང་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་ཕུགས་འདུན་རིང་ཞིང་དགོངས་པ་གཏིང་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་གནང་ཡོད། བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་འཛུགས་པའི་རྩ་བ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་རྨང་གཞི་ཡིན་པ་མ་ཟད། རྒྱལ་དམངས་དཔལ་འབྱོར་གྱི་སྲོག་རྩ་དང་འབྲེལ་བ་ཡོད། སྤྱི་པའི་ནོར་སྲིད་ཀྱི་འགན་འཁྲིར་རྐང་ཚུགས་ཏེ། ང་ཚོས་ནོར་སྲིད་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས། སྔོན་ཐོན་བཟོ་སྐྲུན་ལས་རིགས་སྔར་ལས་ལེགས་ཤིང་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཀྲུང་གོ་མཁའ་འགྲུལ་བཟོ་ལས་སྡེ་ཚོགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ཀུའོ་ཧྲེང་ཅེ་ཡིས་བཤད་རྒྱུར། རྩེར་སོན་སྒྲིག་ཆས་ཁྱབ་ཁོངས་ཀྱི་ཀྲུང་དབྱང་ཁེ་ལས་ཡིན་པའི་ཆ་ནས། དེ་ནི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་པ་མ་ཟད། ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཀྱང་ཡིན་པ་ཤེས་དགོས། ང་ཚོས་རྒྱལ་དོན་གྱི་ཆེ་ཕྱོགས་སེམས་སུ་བཅངས་ནས། འགག་རྩའི་ལྟེ་བའི་ལག་རྩལ་མུ་མཐུད་དུ་འགག་སྒྲོལ་བྱེད་པ་དང་། མཁའ་འགྲུལ་གྱི་སྔོན་ཐོན་བཟོ་སྐྲུན་ནུས་པ་ཆེ་རུ་གཏོང་བ། མཁའ་འགྲུལ་སྒྲིག་ཆས་རང་བརྟེན་ཚོད་འཛིན་ཐུབ་པའི་དངོས་སྒྲུབ་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན།