
ཟླ9བའི་ཚེས18ཉིན། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་གཙོའི་ལྟ་སྐུལ་བྱེད་པའི2026ལོའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ལི་ཧུའེ་ཏུང་ཚོགས་འདུར་ཞུགས་པར་མ་ཟད་འགོ་འཛིན་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་སུན་ཏུང་ཧྲིན་དང་། རྒྱལ་ཡོངས་སྲིད་གྲོས་མི་གྲངས་དང་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཝང་ཅིན་ནན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨོའུ་དབྱང་ཙེ་ཧྭ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་ཧོང་ཅན་ཕེན་བཅས་ཚོགས་འདུར་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཀྲང་ཅིན་ཀང་གིས་ཤིས་ཚིག་ཕུལ་བ་མ་ཟད་མཚོ་སྔོན་ཞིང་ཆེན་གྱིས་འབྲེལ་ཡོད་བྱ་བ་སྤེལ་ཚུལ་ངོ་སྤྲོད་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཚོགས་འདུར་ཞུགས།
ཚོགས་འདུ་ལས་བསྟན་དོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་གཙོའི་ལྟ་སྐུལ་བྱེད་པ་ནི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་ཏང་ཕྱིའི་མི་སྣས་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྲིད་ཞུགས་ཏང་དང་སྲིད་ཞུགས་སྟོབས་ཤུགས་ཀྱི་རྣམ་པ་གསར་པ་མངོན་པར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ད་ལོར། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་མཉམ་དུ་རྨ་ཆུའི་སྟོད་རྒྱུད་ས་ཁུལ་དུ་ཁ་གཏད་རང་བཞིན་གྱི་ཆེད་དོན་ལྟ་སྐུལ་བྱས་ཏེ། ཕྱོགས་སོ་སོའི་རིག་སྟོབས་ཐོན་ཁུངས་བསྡུ་སྒྲིལ་གྱིས་སྤྱི་མཐུན་གནད་དོན་ཐག་གཅོད་བྱེད་པ་དང་། གྲོས་མོལ་སྤེལ་རེས་སྟེགས་བུ་བསྐྲུན་ནས་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། ཐེངས་འདིའི་བཞུགས་མོལ་ཚོགས་འདུ་གོ་སྐབས་སུ་བརྩིས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་ལས་སྒྲུབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་རྨ་ཆུའི་སྟོད་རྒྱུད་ཁུལ་གྱི་ལྟ་སྐུལ་བྱ་བ་ལེགས་པོ་བསྒྲུབ་པར་རེ་བ་ཆེན་པོ་བཅངས་ཡོད།
ཚོགས་འདུའི་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་པུའུ་ཨུས་ཀྲུང་དབྱང་གི་འབྲེལ་ཡོད་བྱ་བའི་བཀོད་སྒྲིག་ངོ་སྤྲོད་བྱས་པ་དང་། འབྲེལ་ཡོད་དམངས་གཙོ་ཏང་ཁག་ཀྲུང་དབྱང་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣས་ཁ་གཏད་འབབ་རྒྱུད་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བ་སྤེལ་བའི་གནས་ཚུལ་དང་ཐོག་མའི་གྲུབ་འབྲས་གྲུབ་ཚུལ། མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་གནད་དོན་ལ་དམིགས་ནས་བརྗེ་རེས་བགྲོ་གླེང་བྱས།
ཤ་བོ་གསེར་མཚོས་བསྒྱུར།