
སྟོན་འགོའི་རྨ་ཆུའི་ཟུར་གསུམ་གླིང་དུ། འདམ་རྩྭའི་མེ་ཏོག་དལ་བུར་གཡོ་བ་དང་། ལོ་རེར་དུས་བྱ་ས་ཡ་འགའ་འདིར་དགུན་སྐྱེལ་དུ་ཡོང་གིན་ཡོད། སྔོན་ཆད་ས་འདི་ནི་དུས་བྱ་ལྷོ་འཕུར་སྐབས་ཀྱི་ལམ་བར་གྱི་ངལ་གསོ་བྱེད་ས་ཙམ་རེད། ད་ལོར་ལྟ་ཞིབ་མི་སྣས་འགྱུར་ལྡོག་གསར་པ་མཐོང་བྱུང་བ་སྟེ། དུས་བྱ་དེ་ལས་མང་པོ་ཞིག་འདི་རུ་འཚོ་སྡོད་བྱས་ཡོད་ལ། ཁྲུང་ཁྲུང་སྐེ་ནག་དང་ཤར་ཕྱོགས་ངང་དཀར། སྐྱར་མོ་མཆུ་ནག ཁྲུང་ཁྲུང་དཀར་པོ་བཅས་ཀྱིས་ཀྱང་གནས་འདི་རུ་ཚང་བཟོས་ནས་གཞིས་བཙུགས་ཡོད། དེ་སྔའི་དུས་བྱ་ས་ཚིགས་དེ་དུས་བྱའི་སྐྱེ་འཕེལ་གནས་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།
བྱ་རིགས་ལ་ལྟ་མཁན་མང་ཚོགས་ཀྲའོ་ཁྲུན་ཞའོ་ཡིས་བཤད་རྒྱུར། བྱ་རིགས་ཀྱི་ཁོར་ཡུག་གདམ་བསེས་ཀྱི་ཆ་རྐྱེན་ཧ་ཅང་མཐོ། བྱེའུ་གནས་འདི་རུ་ཡོང་ནས་འཚོ་སྡོད་བྱེད་པ་དེས་གནས་འདིའི་སྐྱེ་ཁམས་ཇེ་ལེགས་སུ་འགྲོ་བཞིན་པ་ཤེས་ཐུབ་ཟེར།
སྐྱེ་ཁམས་ཀྱི་འགྱུར་ལྡོག་དེ་བསམ་བློའི་འགྱུར་ལྡོག་དང་འཐབ་ཇུས་ཀྱི་འགྱུར་ལྡོག་ལས་བྱུང་བ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྨ་ཆུའི་སྟོད་དབུས་རྒྱུད་དང་སྨད་རྒྱུད་དུ་ཕེབས་ནས་ཐེངས་གསུམ་ལ་འགོ་འཛིན་མཛད་དེ་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྨ་ཆུར་སྲུང་སྐྱོབ་བྱ་རྒྱུ་དེ་“ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་ཡུན་རིང་འཕེལ་རྒྱས་ཀྱི་ཇུས་ཆེན་དང་འབྲེལ་བའི་མཐོ་ཚད་དུ་བཞག་པ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དུ་རིམ་སྤོར་བྱས། རྨ་ཆུ་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་རུ་བརྒྱུད་ཅིང་། སྐྱེ་ཁམས་བཅོས་སྐྱོང་བྱེད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བར་སྣང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“སྟོད་སྨད་རྒྱུད་དང་། མ་ཆུ་དང་ཆུ་ལག ཆུ་ངོགས་གཡས་གཡོན་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་དགོས་”པའི་བླང་བྱ་བཏོན་པ་དང་། “ཆུ་བྱེའི་འབྲེལ་བ་ལེགས་སྒྲིག་བྱེད་པའི‘འགག་རྩ’འདི་དམ་པོར་འཛིན་དགོས”ཞེས་ནན་སྟོན་བྱས་ཡོད་ལ། “རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆེན་པོ་དང་མཉམ་ལས་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་དགོས་པ་གསལ་སྟོན་གནང་ཡོད།
ཆུ་ཉུང་ཞིང་བྱེ་མ་མང་པ་དང་། ཆུ་བྱེའི་འབྲེལ་བ་དོ་མཉམ་མིན་པ་ནི་རྨ་ཆུའི་འབུར་དུ་ཐོན་པའི་འགལ་བ་རེད། དེའི་ཕྱིར་རྨ་ཆུའི་སྲུང་སྐྱོབ་ཆེན་པོ་དང་བཅོས་སྐྱོང་ཆེན་པོ་མངོན་འགྱུར་བྱེད་ན་ཐོག་མར་མཐུན་སྦྱོར་ངང་བྱེད་ཐབས་སྤྱད་ནས་ཡང་བསྐྱར་ཆུ་བྱེ་དོ་མཉམ་ཡོང་བར་བྱེད་དགོས།
ཧྲའན་ཞི་ཐུང་ཀོན་ནི་རྨ་ཆུ་ས་སེར་མཐོ་སྒང་ནས་ཕྱིར་བཞུར་བའི་འགག་སྒོ་མཐའ་མ་ཡིན། ཉིན་འདི་གཉིས་རིང་། ཐུང་ཀོན་ཆུ་དཔྱད་ས་ཚིགས་ཀྱི་རབས་གསར་པའི་འོད་གློག་བྱེ་དཔྱད་དཔྱད་ཆས་ཀྱིས་རྒྱུན་མཐུད་ངང་དྲ་ཐོག་ནས་བྱེ་འདམ་གྱི་གཞི་གྲངས་འཚོལ་བསྡུ་བྱས་པ་དང་། ཉེ་བའི་ལོ10ཡི་རིང་གི་གཞི་གྲངས་དང་བསྡུར་ན་ང་ཚོས་ས་འདི་བརྒྱུད་པའི་རྨ་ཆུའི་ཆུ་རྒྱ་དཔངས་གྲུ་བཞི་རེའི་བྱེ་འདམ་འདུས་ཚད་སྤྱི་རྒྱ25.9ནས་སྤྱི་རྒྱ5.11ལ་ཇེ་ཉུང་དུ་ཕྱིན་ཡོད་པ་ཤེས།
དེ་ན་རྨ་ཆུའི་བྱེ་འདམ་ཇི་ལྟར་ཇེ་ཉུང་དུ་སོང་བ་ཡིན་ཞེ་ན།
ས་སེར་མཐོ་སྒང་ནི་རྨ་ཆུའི་བྱེ་འདམ་གྱི་འབྱུང་ཁུངས་གཙོ་བོ་ཡིན། ད་ལྟ་ས་འདི་རུ་རྒྱུན་མཐུད་ངང་སྤེལ་བཞིན་པའི་བྱང་གསུམ་འགོག་སྲུང་ནགས་འཛུགས་སྐྲུན་གྱིས་གྲོག་རོང་དུ་སྔོ་ལྗང་གི་སྲུང་ཡོལ་བསྐྲུན་པ་དང་། བསྐྲུན་ཟིན་པའི་འདམ་རགས་ཁྲི་དྲུག་དང་ཉིས་བརྒྱ་ཡིས་བྱེ་འདམ་ཏུན་ཐེར་ཆེན་གཅིག་དུང་ཕྱུར་བདུན་བཀག་གསོག་བྱས་ནས། ལོ་ལྟར་རྨ་ཆུ་རུ་འདྲེས་པའི་བྱེ་འདམ་སྤྱི་འབོར་ཇེ་ཉུང་དུ་བཏང་། ཆུ་ལམ་དུ་འཛུལ་ཟིན་པའི་བྱེ་འདམ་དེ“རྒྱལ་ཁབ་ཀྱི་མཆོག་ནོར”ཞའོ་ལང་ཏི་དང་སན་མོན་འགག་སོགས་ཆུ་མཛོད་ལ་བརྟེན་ནས་མིས་བཟོས་ཆུ་ལོག་བཟོ་བ་བརྒྱུད་དེ། ཆུ་རྒྱུན་གྱི་སྒུལ་ཤུགས་ལ་བརྟེན་ནས་བྱེ་འདམ་རྒྱ་མཚོར་འདྲེན་བཞིན་ཡོད། ཉེ་ཆར་རྨ་ཆུའི་སྟོད་དབུས་རྒྱུད་ཀྱི་ཆུ་མཛོད་གཙོ་བོས་མཉམ་འབྲེལ་་བྱེ་འབུད་བཀོད་གཏོང་བྱེད་པ་དང་། ཆུ་མཛོད་མང་པོས་མཉམ་སྡེབ་སྒོས་ཤུགས་བཏོན་ནས། བཞུར་རྒྱུད་ཡོངས་ཀྱི་ཆུ་བྱེ་འབྲེལ་བ་རྒྱུན་མཐུད་ངང་སྙོམས་སྒྲིག་བྱེད་ཀྱིན་ཡོད།
ཆུ་བེད་པུའུ་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ཝེ་ཞང་དབྱང་གིས་བཤད་རྒྱུར། ད་ལྟ་རྨ་ཆུའི་དབུས་རྒྱུད་ཀྱི་ཀུའུ་ཞན་ཆུ་བེད་ལྟེ་གནས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ཞའོ་ལང་ཏི་ཆུ་མཛོད་དང་མཉམ་འབྲེལ་སྒོས་བཀོད་གཏོང་བྱས་ནས། རྨ་ཆུའི་ཆུ་བྱེ་སྙོམས་སྒྲིག་བྱེད་པར་སྒུལ་ཤུགས་གཙོ་བོ་ཞིག་སྣོན་པ་དང་། བཞུར་རྒྱུད་ཡོངས་ཀྱི་ཆུ་བྱེ་སྙོམས་སྒྲིག་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་རེད།