ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས། ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ9ཚེས23ཉིན་གྱི་ཕྱི་དྲོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། ཟླ9ཚེས21ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་འགོ་ཁྲིད་ཚན་ཁག་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པར་བླང་བྱ་བཏོན།

གྲོས་ཚོགས་ལས་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གཏིང་ཟབ་སྒོས་ཁོང་དུ་ཆུད་པར་བྱེད་པ། དུས་རབས་གསར་པའི་ཏང་ལེགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱས་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་ནས། མི་རིགས་ས་ཁུལ་གྱི་ཏང་གི་སྲིད་འཛིན་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་དགུ་པ་ཐོན་ལ་ཉེ་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ལ། ཞིང་ཕྱུགས་ལས་རིགས་ཀྱི་ཐོན་སྐྱེད་ནུས་པ་དང་སྤུས་ཚད་ཕན་འབྲས་ཆེ་རུ་གཏོང་དགོས། ཐབས་མང་མཉམ་སྤྱོད་ཀྱིས་ཞིང་དར་ཞིང་ཕན་ཞིང་ཕྱུག་ཡོང་བ་བཅས་བྱས་ནས་རོང་འབྲོག་ས་ཁུལ་གྱི་ཡོང་འབབ་ཇེ་མང་དུ་གཏོང་བ་དང་། མཐོ་སྒང་དུ་གནས་སྡོད་དང་ལས་སྐྲུན་ལ་འཚམ་པའི་འཆམ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲང་ཀྲོའུ110”གི་རུ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་ལས་བསམ་པའི་སྟོབས་ཤུགས་བསྡུ་ལེན་ཏན་ཏིག་བྱེད་པ་དང་། མི་དམངས་སྤྱི་བདེ་ཡི་དམངས་དོན་གྱི་ཐོག་མའི་ཕུགས་འདུན་དང་ལས་གནས་ཀྱི་འགན་འཁྲི་བརྟན་པོར་འཁུར་ནས། བྱང་ཚད་མཐོ་བའི་སྤྱི་བདེ་ཡི་ཧྲག་དམག་འཛུགས་སྐྱོང་བྱས་ནས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། བློག་ཐག་རྦད་ཆོད་ཀྱིས“སྲུང་སྐྱོང་གཉིས”ཐུབ་པར་བྱས་ནས། ཏང་ལ་ལྷག་བསམ་རྣམ་དག་དང་། ནུས་པ་མཐོར་འདེགས། དམ་པ་དོན་གཉེར། མཐུན་སྒྲིལ་མཉམ་ལས། སྒྲིག་བཀུར་ཁྲིམས་སྲུང་བཅས་ཀྱི་ཐད་སྣེ་ཁྲིད་དང་མིག་དཔེའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ལ། སེམས་ཤུགས་སྔར་ལས་མང་བ་དོན་འཁྱོལ་དམ་འཛིན་དང་དཀའ་གནད་སེལ་བའི་སྟེང་འཇོག་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འགན་འཁྲི་རང་རྟོགས་ངང་ལེགས་པོར་བསྒྲུབས་ཏེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཆུང་དེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་འདོད་བློ་ཚིམ་པའི་སྟོབས་ལྡན་གྱི་འགོ་ཁྲིད་ཚན་ཁག་ཅིག་ཏུ་ཧུར་ཐག་གིས་འཛུགས་སྐྱོང་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པའི་གནས་ཚུལ་ལ་རྒྱུན་རྣམ་ཅན་གྱི“ཕྱིར་བལྟ”བྱེད་པ་དང་། ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་བྱ་བ་ཁག་སོ་སོ་ཡང་དག་པའི་ཕྱོགས་སུ་བསྐྱོད་པར་འགན་སྲུང་བྱེད་དགོས། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྲིད་འབྲས་ལྟ་བ་ཡང་དག་ལ་བརྟེན་ནས་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་བྱེད་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་བསྐྱར་འཕེལ་དང་བཟང་ཕྱོགས་སུ་འཕེལ་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལས་ཞུགས་བརྟན་པོ་དང་། ཁེ་ལས་བརྟན་པོ། ཚོང་ར་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ཐོག་ནས“དྲ་བ་དྲུག”གི་འཆར་འགོད་འཛུགས་སྐྲུན་དང“འགག་སྒྲོལ་ཆེན་པོ་དྲུག”གི་བྱ་སྤྱོད་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་སེལ་གྱི་བྱ་བ་མུ་མཐུད་དམ་འཛིན་བྱེད་པ་དང་། ས་གནས་ཁག་དང་རིམ་པ་སོ་སོའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དཀྲི་བྱེད་པ། ཉེན་འགོག་དང་ཟློག་སྐྱེལ་གྱི་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། དམངས་འཚོའི་འགན་སྲུང་བྱ་བ་མུ་མཐུད་དུ་དམ་འཛིན་བྱས་ཏེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དཀའ་ངལ་ཅན་གྱི་མང་ཚོགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོའི་ཚད་མཐའ་བརྟན་སྲུང་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གཉིས་ཐོན་ལ་ཉེ་བའི་སྐབས་འདིར། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ནས། བདེ་འཇགས་འགན་ལེན་དང་། བརྟན་བརླིང་སྲུང་སྐྱོབ། མ་མཐའི་ཚད་མཐའ་སྲུང་བ་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་འཁུར་བ་དང་། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཁེ་ལས་ཀྱི་འགན་འཁྲི་གཙོ་བོ་བཅས་དོན་འཁྱོལ་ནན་མོ་བྱེད་དགོས། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་དང་མ་ལག་ཚང་བའི་སྒོ་ནས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག་བྱ་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ། “དུས་ཆེན་གཉིས”ཀྱི་ཚོང་རའི་མཁོ་སྤྲོད་འདང་ངེས་ཡོད་པ་དང་། རིན་གོང་བརྟན་པོ་ཡོང་བར་འགན་སྲུང་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ལས་རེས་སྣེ་ཁྲིད་དང་འགག་རྩའི་ལས་གནས་སུ་ཆུ་ཚོད24རིང་ལས་རེས་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་འགན་སྲུང་བྱེད་དགོས།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།