
ཟླ9པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས48པར་ཤིས་འཕྲིན་སྤྲིངས། ཞི་ཅིན་ཕིང་གིས། མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་འགག་སྒྲོལ་བྱུང་བཞིན་ཡོད། དེས་འཛམ་གླིང་རྩལ་ནུས་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་བཞག འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོས་ཐོན་ལས་ཀྱི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། རྒྱལ་ཁབ་སོ་སོའི་རྩལ་ནུས་འཇོན་མིས་ལག་རྩལ་ཇེ་ཡག་ཏུ་གཏོང་བ་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཕན་ཡོད་ཀྱི་ལས་སྟེགས་བསྐྲུན་ཡོད་ཅེས་བསྟན། ཞི་ཅིན་ཕིང་གིས། ཀྲུང་གོས་ཐེངས་འདིའི་འགྲན་སྡུར་ཆེན་མོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས། ངལ་རྩོལ་པ་སྔར་ལས་མང་བ་དང་། ལྷག་པར་དུ་ན་གཞོན་པ་སྔར་ལས་མང་བ་རྩལ་ནུས་འཇོན་ཐང་ཅན་དུ་འགྱུར་བའི་ལམ་དུ་འགྲོ་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱ་རྒྱུ་ཡིན། ང་ཚོས་ཕྱོགས་སོ་སོ་དང་བརྗེ་་རེས་མཉམ་ལས་ཐད་ཤུགས་བསྣན་ནས། འཛམ་གླིང་གི་རྩལ་ནུས་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་དཔལ་འབྱོར་འཕར་བ་དང་དམངས་འཚོའི་བདེ་རྩའི་ལེགས་སྒྱུར་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་འདོད་ཡོད་ཅེས་ནན་གྱིས་བསྟན།
འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས48པ་ཉིན་དེར་ཧྲང་ཧའེ་རུ་འགོ་བརྩམས། བརྗོད་དོན་ནི་རྩལ་ནུས་ལ་བརྟེན་ནས་འཛམ་གླིང་འགྱུར་ལྡོག་གཏོང་། རྩལ་ནུས་ལ་བརྟེན་ནས་མདུན་ལམ་གསལ་བར་བྱེད་ཅེས་པ་ཡིན་པ་དང་། འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་འགན་སྒྲུབ་བྱས། འགྲན་སྡུར་ཆེན་མོ་སྤེལ་རིང་། འཛམ་གླིང་རྩལ་ནུས་ཚོགས་ཆེན་དང་འཛམ་གླིང་རྩལ་ནུས་འགྲེམ་ཚོགས་སྤེལ་རྒྱུ་རེད།