
ལིའུ་ཆི་ཧྥན་གྱིས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཞིང་པ་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས་ཞེས་ནན་བཤད་གནང་།
ཟླ9ཚེས23ཉིན། ཀྲུང་གོ་བའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དགུ་པ་ཐོན་ལ་ཉེ་བའི་སྐབས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སུ་སོང་ནས་ཟི་ལིང་གྲོང་ཁྱེར་གྱི་ཀྲུང་གོ་བའི་ཞིང་པའི་ལོ་ལེགས་དུས་ཆེན་བསུ་བའི་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོ་ཁག་ལ་ཞུགས་པར་མ་ཟད། ཞིང་ཕྱུགས་ལས་འཕེལ་རྒྱས་དང་ཡུལ་སྐོར་ལས་རིགས་སྐོར་ལ་བརྟག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་རྣམས་དང་ཞིང་ལས་ལས་དོན་སྒྲུབ་མཁན་གྱི་བློ་མཐུན་ཡོངས་ལ་བསྟུད་མར་ལོ་དགུའི་རིང་དུས་ཆེན་གྱི་སྨོན་འདུན་བཟང་པོ་དང་འཚམས་འདྲི་ཞུས་པ་དེས་ཞིང་གསུམ་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བ་དང་ཞིང་པ་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་གང་ལེགས་ཀྱིས་མཚོན་ཡོད། ལས་ཀ་དངོས་སྒྲུབ་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏང་དགོས།
ཞང་ཆུའུ་ཁ་དབྱང་ཕྱི་རོལ་སྤྲོ་གསེང་ལྟ་སྐོར་བྱེད་ས་རུ་ལིའུ་ཆི་ཧྥན་དགའ་སྟོན་རྟེན་འབྲེལ་གྱི་བྱེད་སྒོའི་འགྲེམས་སྟོན་ཁུལ་དུ་བསྐྱོད་དེ་ཁྱད་ལྡན་ཐོན་རྫས་བཤམས་འཚོང་དང་རིག་གནས་ཐོན་རྫས་གསར་སྤེལ། ཟས་རིགས་བཟོ་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞི་སྟོབས་ཆེར་གཏོང་བ་དང་། ཞིང་ལས་དང་ལུས་སྦྱོང་། རིག་གནས། ཚོང་ལས། ཁམས་གསོ་བཅས་མཉམ་འདྲེས་དམ་ཟབ་ཡོང་བ་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཞིང་པ་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་བསྐྲུན་གང་ཐུབ་བྱ་དགོས།
ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞི་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་ཡག་པོ་བྱས་ཏེ་ཐོན་སྐྱེད་ཚད་གཞི་མཐོ་བ་དང་ཐོན་རྫས་སྤུས་ཚད་མཐོ་བ། རིན་ཐང་ཆེ་བའི་ངང་ཕྱིར་གཏོང་ཐུབ་པ་དམིགས་ཡུལ་དུ་བཟུང་ནས་ལྗང་མདོག་དང་སྐྱེ་ལྡན། སྤུས་ལེགས། བདེ་འཇགས་བཅས་ཀྱི་ཚོང་རྟགས་གྲགས་ཅན་མུ་མཐུད་དུ་གཏོད་དགོས། ཐོན་ཁུངས་རང་གཤིས་ལ་བརྟེན་ནས་གྲང་ངར་ཆེ་བའི་ས་ཁུལ་གཉིས་ཀྱི་ཐོན་ལས་གཞི་ཁྱོན་རྒྱ་བསྐྱེད་པ་དང་བསིལ་ཚལ་ཏུན་ཁྲི་རིམ་པའི་ཕྱི་ཕྱོགས་ཉོ་ཚོང་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཐོན་སྐྱེད་དང་ལས་སྣོན། འཁོར་རྒྱུག་བཅས་སྦྲེལ་ཐག་ཧྲིལ་པོའི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་མང་དམངས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་རྒྱུ་གཙོ་གནད་དུ་འཛིན་དགོས་པ་དང་ས་མཐོའི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་དར་སྤེལ་ལ་མྱུར་དུ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་སྤེལ་བ། ལྗང་མདོག་ཞིང་ཕྱུགས་ལས་གོང་འཕེལ་བཏང་ནས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་རྟགས་བསྐྲུན་དགོས། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་ཉེན་ཁ་མི་འབྱུང་བ་མཐའ་གཅིག་ཏུ་བསྲུང་དགོས་པ་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་དང་ལས་དོན་ལམ་སྲོལ་ཇེ་ལེགས་སུ་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་རྒྱུ་རྒྱུན་མཐུད་ངང་དམ་འཛིན་ལེགས་པོ་བྱ་དགོས།
སྤྲིན་རིམ་མཛེས་ལྗོངས་སྟེགས་བུ་རུ་ལིའུ་ཆི་ཧྥན་གྱིས་ཁ་དབྱང་གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོང་གིས་དམིགས་བསལ་རང་བྱུང་ཁོར་ཡུག་དང་དམངས་སྲོལ་རིག་གནས་ལ་བརྟེན་ནས་ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཟབ་ཟབ་མོ་བྱེད་པ་དང་། ཞིང་འབྲེལ་ཞིང་ཁྲིད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་ཁུལ་ཡུལ་ལྗོངས་སུ་བསྒྱུར་བ་དང་ས་ཞིང་སྤྱི་གླིང་དུ་བསྒྱུར་བ། སྡོད་ཁང་མགྲོན་ཁང་དུ་བསྒྱུར་བ་བཅས་མངོན་འགྱུར་བྱ་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་གསར་སྤེལ་གཅིག་གྱུར་རྒྱུན་འཁྱོངས་ཀྱིས་རྣམ་པ་སྣ་མང་ཕུན་སུམ་ཚོགས་པོ་བཟོ་བ་དང་སྤུས་ཚད་མཐོར་འདེགས་བཏང་སྟེ། ཡུལ་མི་མང་པོས་རང་ཁྱིམ་སྒོ་འགྲམ་དུ་ཡུལ་སྐོར་དང་ཟ་ཁང་གཉེར་ཐུབ་པར་འབད་འབུངས་བྱ་དགོས། རིམ་པ་ལྔའི་འགན་འཁུར་བས་གྲོང་གསེབ་དར་སྤེལ་བྱ་བ་དམ་པོར་འཛིན་པ་དང་བཟོ་སྐྲུན་ཁྲི་སྟོང་གི་ཉམས་མྱོང་བེད་སྤྱོད་ལེགས་པོ་བྱས་ཏེ་ས་གནས་ཀྱི་ཆ་རྐྱེན་ལྟར་མཛེས་སྡུག་འཆམ་མཐུན་གྲོང་ཚོ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མཚོ་སྔོན་གྱི་ཞིང་གསུམ་ལས་དོན་གྱི་ལེའུ་གསར་བ་རྩོམ་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
མི་ཕམ་མགོན་པོས་བསྒྱུར།