

ཟླ9པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧང་ཀྲོའུ་རུ་གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ཚེས24ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧང་ཀྲོའུ་རུ་གོ་ལ་ཧྲིལ་པོའི་གྲངས་འཛིན་ཉོ་ཚོང་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
ལི་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་བ་ལྟར་གྲངས་འཛིན་ལག་རྩལ་དེ་ཉིན་རེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སོ་སོའི་བརྒྱུད་རིམ་ཧྲིལ་པོར་མཉམ་དུ་འདྲེས་ཏེ། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས། སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་བཅས་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། གྲངས་འཛིན་ཅན་གྱི་རྦ་རླབས་ཁྲོད་དུ་གོ་ལ་ཧྲིལ་པོའི་ཉོ་ཚོང་དེ་ཕྱོགས་གང་དུ་འགྲོ་རྒྱུ་ཡིན་ནམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཇི་ལྟར་བྱས་ནས་དུས་བབ་དང་བསྟུན་དགོས་སམ། ཀྲུང་གོས་དེའི་ཁྲོད་དུ་ནུས་པ་གང་འདྲ་ཞིག་འདོན་ཐུབ་བམ། ངས་ཚང་མར་བསམ་གཞིགས་ཁ་ཤས་མཉམ་སྤྱོད་བྱེད།
དང་པོ། གྲངས་འཛིན་ཉོ་ཚོང་ལ་བསྟེན་ནས་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་དང་འཕེལ་ཕྱོགས་གསར་པ་རྟོགས་པར་བྱ་དགོས། གྲངས་འཛིན་ཉོ་ཚོང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བས་སྒུལ་ཤུགས་དང་གོ་སྐབས་གསར་པ་བསྩལ་ལ། འཛམ་གླིང་དཔལ་འབྱོར་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་བསུས་ཤིང་། རྒྱལ་ཁབ་སོ་སོའི་ཁྲོམ་ར་འབྲེལ་མཐུད་བྱེད་པར་སྔར་བས་སྟབས་བདེ་དང་། གོ་ལ་ཧྲིལ་པོའི་ཉོ་ཚོང་དེ་མགྱོགས་མྱུར་ངང་གསར་གཏོད་དང་འཕེལ་རྒྱས་ཕྱིན་ཡོད། དེ་དང་མཉམ་དུ་འཕེལ་རྒྱས་དབྱེ་ཕྲལ་གསར་པ་དང་དཔལ་འབྱོར་ཉོ་ཚོང་གི་འགོག་རྐྱེན་གསར་པ། སྒྲིག་སྲོལ་གསར་པ་མི་འདང་བ་སོགས་ཀྱི་གནད་དོན་དང་འགྲན་སློང་ཁག་གཅིག་ཀྱང་སྔར་བས་མངོན་གསལ་དོད་པ་དང་སྔར་བས་རྙོག་འཛིང་ཆེ་རུ་ཕྱིན་ཡོད།
གཉིས་པ། སྒོ་འབྱེད་ཀྱི་བློ་རྒྱ་ལ་བརྟེན་ནས་གྲངས་འཛིན་དུས་རབས་སུ་གོ་ལ་ཧྲིལ་པོའི་ཉོ་ཚོང་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་རླབས་རྒྱུན་གྱི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱ་དགོས་ཤིང་། གྲངས་འཛིན་སྦྲེལ་མཐུད་ལ་ཤུགས་བསྣན་ནས་རྒྱལ་ཁབ་སོ་སོའི་ཁྲོམ་རའི་སྐྱེ་ལྡན་མཉམ་ལས་ལ་སྐུད་འདེད་གཏོང་དགོས་ལ། གྲངས་འཛིན་གྱི་ཧེ་བག་ཁ་གསབ་བྱས་ནས་གྲངས་འཛིན་ཉོ་ཚོང་ཁྱབ་ཁོངས་ཀྱི་ལྷོ་བྱང་མཉམ་ལས་ལ་ཤུགས་སྣོན་པ་དང་། གྲངས་འཛིན་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་སོགས་ལམ་སྲོལ་བྱེད་ནུས་སྔར་བས་འདོན་སྤེལ་བྱེད་དགོས་ལ། དྲང་གཞག་ལུགས་མཐུན་གྱི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་འཛུགས་པ་དང་སྔར་བས་རང་དབང་དང་ཀུན་ཕན། གོ་རིམ་ལྡན་པའི་ཉོ་ཚོང་ལ་སྐུད་འདེད་གཏོང་དགོས།
གསུམ་པ། ཀྲུང་གོས་འགུལ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་ལ་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན། ང་ཚོས་གྲངས་འཛིན་འཛད་སྤྱོད་ཀྱི་དགོས་མཁོ་མུ་མཐུད་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན། ང་ཚོས་གྲངས་འཛིན་ཐོན་ལས་ཀྱི་འདེགས་སྐྱོར་མུ་མཐུད་ཇེ་བརྟན་དུ་བཏང་ནས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། གྲངས་འཛིན་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་རྒྱལ་སྤྱིའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་ཆེད་ཀྲུང་གོའི་ཇུས་གཞི་འདོན་རྒྱུ་ཡིན།
མ་ལེ་ཞི་ཡའི་ཙུང་ལི་ཨན་ཝའར་དང་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཁ་སེ་མ་ལི་ཡེ་ཧྥུའུ། དེ་མིན་རྒྱལ་ཁབ་དང་ས་ཁུལ50ཙམ་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི1200ལྷག་འགོ་ཚུགས་མཛད་སྒོར་ཞུགས།
འགོ་རྩོམ་མཛད་སྒོ་མ་འཚོག་གོང་ལི་ཆང་དང་ཕྱི་རྒྱལ་གྱི་ཚོགས་ཞུགས་འགོ་ཁྲིད་མི་སྣས་མཉམ་དུ་འགྲེམ་སྟོན་ཁང་དུ་སྐོར་གཟིགས་གནང་།