
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ200ལྷག་གི་སྔོན་ལ། ཨ་རིས་རང་བཙན་བྱས་པ་ནས་མིག་རྒྱང་ཀྲུང་གོར་གཏད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་ཡོད་མེད་བརྗེ་རེས་དང་ལེགས་ཆ་གསབ་རེས་བྱས་ཏེ་ཉོ་ཚོང་འགྲོ་འོང་བྱེད་འགོ་བརྩམས། ལོ80ལྷག་གི་སྔོན་ལ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་ནས། འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པར་འགོག་རྒོལ་བྱས་ལ། ཁྲག་རྔུལ་ཆུས་བརླན་པའི་དམག་འཁྲུག་བརྒྱུད་ནས་ཆགས་པའི་མཛའ་མཐུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ངེས། ལོ50ལྷག་གི་སྔོན་ལ། ཕིང་ཕང་སྤོ་ལོའི་ཕྱི་འབྲེལ་གྱིས་ཡུན་རིང་མཚམས་ཆད་པའི་འགྲོ་འོང་གི་སྒོ་མོ་ཕྱེས་བ་དང་། ཀྲུང་གོ་དང་ཨ་རིའི་ཆབ་སྲིད་པ་རྒན་རབས་ཚོས་སྤོ་ལོ་ཆུང་ངུས་སྤོ་ལོ་ཆེན་པོ་སྐོར་བའི་ཆབ་སྲིད་ཀྱི་བློ་གྲོས་ལ་བརྟེན་ནས། ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བའི་འཕེལ་རིམ་རླབས་ཆེན་དངོས་སུ་འགོ་བརྩམས། ལོ20ལྷག་གི་སྔོན་ལ། མིང་ལ་སའེ་ཁའོ་སི་ཟེར་བའི་ཨ་རི་བ་ཞིག་གིས་ཀྲུང་གོའི་བྱེ་བཅོས་པ་དབྱིན་ཡུས་ཀྲེན་ལ་སྡོང་འཛུགས་བྱེད་རོགས་བྱས་ཏེ། ཁོ་ཚོའི་གཏམ་རྒྱུད་ཀྱིས་ཀྲུང་གོའི་མང་ཚོགས་མང་པོར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་མ་ཟད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འགྲོ་འོང་གི་དཔེ་མཚོན་དུ་གྱུར། ཀྲུང་གོ་དང་ཨ་རི་བར་གྱི་མི་ཚུལ་བརྗེ་རེས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་རྒྱུར་ཕན་པ་དང་། ཀྲུང་ཨའི་མཛའ་མཐུན་མཉམ་ལས་ལ་དམངས་འདོད་ཀྱི་རྨང་གཞི་ཟབ་མོ་བཏིང་།