ཧན་ཀྲེང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོར་མཇལ་འཕྲད་གནང་།
ཁུངས། ཀློག་གྲངས།

ས་དེའི་ཟླ9པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཉིག་ཡོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་སྐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་ཕྱོགས་ཀྱིས་གཙོ་སྒྲུབ་བྱས་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ5འཁོར་བའི་མཐོ་རིམ་གླེང་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་འཕྲིན་སྒྲོག་འདོན་གནང་བ་མ་ཟད་ཤིས་ཚིག་ཕུལ།

ཀུའུ་ཐི་ལེ་སི་དང་མཇལ་འཕྲད་གནང་སྐབས་ཧན་ཀྲེང་གིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་དང་རྙོག་འཛིང་ཆེ་བས། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་འགྲན་སློང་མང་པོར་འཕྲད་ཡོད། ད་ལོ་ནི་ཀྲུང་གོ་གསར་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱས་ནས་ལོ་ང་ལྔ་འཁོར་བའི་ལོ་ཡིན། ལོ55ཡི་རིང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དོན་དམ་པའི་ཕྱོགས་མང་རིང་ལུགས་རྒྱུན་བསྐྱངས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲོག་ཤིང་གི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས།  མ་འོངས་པར་ཁ་ཕྱོགས་ཏེ། ཀྲུང་གོས་འགན་འཁྲི་འཁུར་བའི་རྒྱལ་ཁབ་ཆེན་པོའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་རྒྱུ་ཡིན་ཞིང་། རང་ངོས་ཀྱི་འདུ་ཤེས་གྲོས་འགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་རིམ་དང་འབྲེལ་མཐུད་བྱ་རྒྱུར་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་འདོན་སྤྲོད་བྱ་རྒྱུ་ཡིན།

ཀུའུ་ཐི་ལེ་སི་ཡིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བརྟན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་གཏོང་བར་འགག་རྩའི་ནུས་པ་བཏོན་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་དང་སྔར་ལས་ལྷག་པའི་མཉམ་ལས་གཏིང་ཟབ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་འདོད་ཡོད་པ་བསྟན།

གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ལོ5འཁོར་བའི་མཐོ་རིམ་གླེང་མོལ་ཚོགས་འདུའི་སྟེང་།  ཧན་ཀྲེང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་ཤིས་སྤྲིངས་པ་དེས་ཐེངས་འདིའི་བྱེད་སྒོར་ཚད་མཐོའི་མཐོང་ཆེན་གནང་བ་མཚོན་ཐུབ། ལོ་ལྔའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་སྐུལ་འདེད་གནང་སྟེ།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དེ་ཀྲུང་གོ་ཕྱོགས་ཀྱི་འདུ་ཤེས་ཀྱི་འདོད་ཚུལ་ནས་རྒྱལ་སྤྱིའི་ཐུན་མོང་གི་འགུལ་སྐྱོད་དུ་འགྱུར་བར་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཡོང་བར་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་སྟོབས་ཤུགས་ཕུལ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ལག་གདང་སྦྲེལ་ནས་གྲོས་འགོ་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེ་བ་འཇོག་འདོད་ཡོད།

ཚོགས་ཞུགས་ཕྱོགས་སོ་སོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ཡིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་བྱས་རྗེས་གལ་ཆེན་བཞག་པར་ཚད་མཐོའི་གདེང་འཇོག་བྱས་ཤིང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་བསྣན་ནས་ཐུན་མོང་ཐོག་སྔར་ལས་དཀྱེལ་ཡངས་དང་། སྔར་ལས་རྒྱུན་མཐུད། སྔར་ལས་མཉེན་གཤིས་བཅས་ཀྱི་འབྱུང་འགྱུར་བསྐྲུན་ཐུབ་པའི་རེ་བ་ཡོད།

ཧན་ཀྲེང་གིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས81པའི་ཀྲུའུ་ཞི་ཁ་ལེ་ལི་དང་མཇལ་འཕྲད་གནང་སྟེ། ཀྲུང་གོ་ཕྱོགས་ཀྱིས་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུ་དེ་སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྱ་བའི་གཙོ་གནད་དུ་བཟུང་ནས། ཀུན་ཕན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་འཛམ་གླིང་མི་དམངས་ཀྱི་རེ་སྒུག་ལ་ལན་སློག་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན།