ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།
ཁུངས། ཞིན་ཧྭ་གསར་འགྱུར། ཀློག་གྲངས།

ཟླ9པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས།   སྤྱི་ཁོག་སྲིད་ཇུས་ཀྱི་ནུས་ཤུགས་བཏོན་ཏེ་ཕན་ནུས་མཐོར་གཏོང་དང་ཕན་ནུས་ལྡན་པའི་དངུལ་གཏོང་ལ་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་བར་ཞིབ་འཇུག་གནང་བ་དང་།  བཙོག་དངོས་གསར་པའི་བཅོས་སྐྱོང་གནས་ཚུལ་གྱི་སྙན་ཞུར་གསན་ཞིང་། 《ལས་དོན་ལས་ཁུངས་ཀྱི་ཐོ་འགོད་དོ་དམ་སྲོལ་ཡིག(འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན།  མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཁྲོད་བྱུང་བའི་གནད་དོན་ལ་དམིགས་ཏེ་སྤྱི་ཁོག་སྲིད་ཇུས་ཀྱི་དུས་འཁོར་ལྡོག་མའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  དཔལ་འབྱོར་རྒྱུན་མཐུད་ངང་གསར་པ་དང་ལེགས་པ།  བཟང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས།  ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་འགྲུབ་པར་འབད་པ་བྱེད་དགོས།  སྲིད་ཇུས་དོན་ཚན་སོ་སོ་དོན་འཁྱོལ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ལ།  གསོག་གྲངས་སྲིད་ཇུས་ཀྱི་ལག་བསྟར་ཕན་ནུས་སྔར་བས་ཇེ་ཆེ་རུ་གཏོང་བ་དང་།  རིགས་སོ་སོའི་བུན་འཛིན་འགྲེམས་སྤེལ་དང་བཀོལ་སྤྱོད་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ།  ལོ་ལྔའི་འཆར་འགོད་བཅོ་ལྔ་པ་དང་དྲ་བ་དྲུག་གི་ལག་བསྟར་ཇུས་གཞི་སོགས་སུ་ཁ་གསལ་བྱས་ཡོད་པའི་ལས་གཞི་གལ་ཆེན་གྱི་རྣམ་གྲངས་གང་མགྱོགས་སྒོས་ལས་འགོ་འཛུགས་པར་སྐུལ་འདེད་གཏོང་བ།  ཆུ་མཛོད་རྙིང་པ་དང་འབྲུ་མཛོད་རྙིང་པ་སྒྱུར་བཀོད་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ།  དངུལ་གཏོང་རྒྱ་སྐྱེད་དང་འཛད་སྤྱོད་སྐྱེད་གསབ་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས།  དངོས་གཉེར་གོ་ཆོད་ཀྱི་འབོར་འཕར་སྲིད་ཇུས་ཁག་ཅིག་བཏོན་ནས་ནོར་སྲིད་ཀྱི་འགྲོ་སོང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་།  ས་གནས་སྲིད་གཞུང་གི་བུ་ལོན་གྱི་བསྡོམས་བཅོལ་བཅད་གྲངས་བེད་སྤྱོད་ཡག་པོ་བྱེད་པ།  ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པ་མ་ཟད་དུས་བབ་དང་བསྟུན་ནས་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་ལེགས་སྒྲིག་བྱས་ནས། ཚན་རྩལ་གསར་གཏོད་དང་ལག་རྩལ་བསྒྱུར་བཅོས།  ཞིང་སྐྱོར་ཆུང་སྐྱོར་སོགས་དངུལ་བུན་བསྐྱར་གཏོང་གི་གྲངས་ཚད་ཇེ་མང་དུ་བཏང་སྟེ།  ས་ཁང་བདག་དབང་གི་ཁྲོར་ར་དང་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་འདོན་སྤེལ་བྱེད་དགོས།  གོང་འོག་མཐུན་སྦྱོར་སྒོས་དངུལ་གཏོང་བརྟན་པོ་ཡོང་བར་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་རྣམ་གྲངས་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ།  དམངས་ཁྲོད་ཀྱི་དངུལ་གཏོང་གསོན་ཤུགས་སྐུལ་སྤེལ་དང་།  དངུལ་གཏོང་རྣམ་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།  དངུལ་གཏོང་ཞིབ་མཆན་འགོད་པའི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱེད་དགོས།  ནང་མཁོ་རྒྱ་སྐྱེད་དང་གསོག་འཇོག་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ལ་མུ་མཐུད་དུ་ཞིབ་འཇུག་བྱས་ཏེ།  སྐུལ་ཁྲིད་རང་བཞིན་ཆེ་བའི་བྱ་བ་སྔར་བས་མང་པོ་འཛིན་རྒྱུར་ཇུས་འགོད་དང་།  འབྲེལ་ཡོད་ཆ་འགྲིག་བྱེད་ཐབས་འཐུས་ཚང་དུ་གཏོང་བ།  ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་སྔོན་ལ་ཚོད་ལྟ་བྱེད་པར་བསྔགས་སྐུལ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན།  སྦགས་བཙོག་དངོས་པོ་གསར་པ་རིགས་སྣ་མང་བ་དང་།  གྲངས་འབོར་མང་བ།  ཁྱབ་རྒྱ་ཆེ་བས། རིམ་བཞིན་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་འགྲན་སློང་གསར་པར་འགྱུར་བཞིན་ཡོད།   འབྱུང་རྩ་ནས་དོ་དམ་ཚོད་འཛིན་བྱ་རྒྱུ་དེ་གལ་ཆེན་དུ་བརྩིས་ནས། །  གཙོ་གནད་ལས་རིགས་ལ་དམ་པོར་དམིགས་ཏེ་རང་འགུལ་གྱིས་གྲལ་བཤེར་བྱེད་པར་ཤུགས་སྣོན་པ་དང་རྫས་འགྱུར་དངོས་རྫས་ཕྱིར་འབུད་སར་གནད་སྨིན་སྒོས་དབྱེ་འབྱེད་བྱེད་དགོས།  འགུལ་རྣམ་སྒོས་སྦགས་བཙོག་དངོས་པོ་གསར་པའི་མངགས་ཐོ་གཙོ་གནད་ཀྱིས་དོ་དམ་དང་ཚོད་འཛིན་བྱེད་དགོས་ལ།  རྫས་འགྱུར་དངོས་པོའི་ཁོར་ཡུག་དོ་དམ་ཐོ་འགོད་ལམ་ལུགས་གསར་པ་དོན་འཁྱོལ་བྱས་ནས་རིགས་སོ་སོའི་ཁོར་ཡུག་གི་ཉེན་ཁ་ཏན་ཏིག་གིས་ཇེ་དམའ་རུ་གཏོང་དགོས།  གཅིག་གྱུར་འཆར་འགོད་ཀྱིས་སྦགས་བཙོག་དངོས་པོ་གསར་རྙིང་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་།  ལས་ཁུངས་བརྒལ་ཏེ་བྱ་བ་མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་བ།  ཁེ་ལས་ཚུལ་སྒྱུར་གྱི་སྲིད་ཇུས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བཅོས་སྐྱོང་གི་དམིགས་ཚད་དང་ལས་འགན་བདེ་བླག་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས།

གྲོས་ཚོགས་ཐོག་བསྟན་དོན། ལས་དོན་ལས་ཁུངས་ཀྱིས་སྤྱི་པའི་ཞབས་ཞུ་མཁོ་འདོན་དང་གཞི་རྩའི་དམངས་འཚོ་འགན་སྲུང་བྱེད་པའི་ཐད་འགན་ནུས་གལ་ཆེན་འཁུར་ཡོད་པས། ལས་དོན་ལས་ཁུངས་ཀྱི་གཙོ་སྐྱོང་སྡེ་ཁག་དང་འཛུགས་གཉེར་ལས་ཁུངས་ཀྱི་འགན་འཁྲི་ནན་མོར་བཏང་སྟེ། ཐོ་འགོད་དོ་དམ་ལས་ཁུངས་དང་སྤྱི་ཚོགས་ལས་དོན། དྲ་འཕྲིན་དང་དམངས་སྲིད། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ལས་ཁུངས་ཀྱི་རྒྱུན་ལྡན་འཁོར་སྐྱོད་གནས་ཚུལ་དུས་ཐོག་ཏུ་རྒྱུས་ལོན་བྱེད་དགོས་ལ། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཕན་ཞབས་ཞུའི་ཕན་འབྲས་ལ་གདེང་འཇོག་བྱེད་པ་དང་། རིགས་སོ་སོའི་ལས་དོན་ལས་ཁུངས་ཀྱིས་སྤྱི་ཕན་དམིགས་ཚད་བརྟན་སྲུང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས། 

གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

​