རང་ཞིང་གིས2026ལོའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་བྱེད་སྒོ་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་ལོ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་རེད།  ཟླ9པའི་ཚེས30ཉིན།   རང་ཞིང་གིས་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་རུ2026ལོའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་བྱེད་སྒོ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་སོགས་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་པ་དང་འཐབ་མོ་བ་རྒན་པ། བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མི། སྤྱི་ཚོགས་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་བཅས་ཀྱིས་མཉམ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་སེམས་གཏིང་ནས་དྲན་གསོ་ཞུས་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཤུགས་སྐྱེད་སྟོབས་སྤེལ་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ལེགས་པོར་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པར་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་པའི་སྐུལ་མ་བཏང་།

ཝང་ཝེ་ཏུང་གིས་མཛད་སྒོར་འགོ་འཛིན་བྱས།

སྟོན་ཟླ་འབྲིང་བའི་དུས་ཀྱི་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་རུ་སྔོ་ལྗང་གི་ཐང་ཤིང་དང་ཤུག་པས་བརྒྱན་ཡོད་ལ།  གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ཀྲོང་ངེར་འགྱིང་ཡོད།  ཆུ་ཚོད་དགུའི་སྟེང་། མཛད་སྒོ་དངོས་སུ་འགོ་བརྩམས། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དང་འགྲོགས་ནས་ཚོགས་ར་ཡོངས་ཀྱིས་སྐད་གསེང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས།  རྒྱལ་གླུ་བླངས་ཚར་རྗེས།  ཚོགས་ར་ཡོངས་ཀྱིས་ཞྭ་མོ་ཕུད་དེ་གུས་སྟབས་ཀྱིས་ལངས་ནས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་ལས་དོན་དང་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྱོང་ལས་དོན་ཐད་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས། མྱ་ངན་ཞུས་རྗེས། ལོ་ཆུང་གདོང་ལེན་རུ་མི་ཚོས་དྲན་གསོའི་རྡོ་རིང་ལ་ཁ་ཕྱོགས་ཏེ་མཉམ་གཅིག་ཏུ《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་ཡིན》ཞེས་པའི་གླུ་གཞས་བླངས། མེ་ཏོག་འབུལ་བའི་རོལ་དབྱངས་གྲགས་པ་བསྟུན་ནས།  གུས་ལུགས་དམག་མི་བཅོ་བརྒྱད་ཀྱིས་མེ་ཏོག་གི་ཕྲེང་བ་དགུ་བཟུང་ནས་དྲན་གསོའི་རྡོ་རིང་གི་རྨང་སྟེགས་མདུན་དུ་གྲལ་དག་ངང་བཞག

ལུའོ་ཏུང་ཁྲོན་དལ་བུར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་གི་གམ་དུ་སོང་ནས་མེ་ཏོག་གི་ཕྲེང་བའི་མདུན་དུ་ལངས་ཏེ་ཧུར་རེར་བལྟས་པ་དང་། མེ་ཏོག་ཕྲེང་བའི་སྟེང་གི་དར་ཐག་ལེགས་སྒྲིག་བྱས་པར་མ་ཟད།  དྲན་གསོའི་རྡོ་རིང་ལ་བསྐོར་བ་བརྒྱབ་ནས་གུས་མཇལ་ཞུས། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་དང་།  ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྲིད་དཔོན་དམག་གཙོ་བོ།  ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གཞུང་།  ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ།  ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ།  ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་པུའུ་ཨུ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས། ཞིང་ཆེན་ལྟེ་གནས་ཀྱི་མི་དམངས་ཚོགས་པའི་འགན་ཁུར་བློ་མཐུན། འཐབ་མོ་བ་རྒན་པ། བློ་མཐུན་རྒན་པ། སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། ཟི་ལིང་གྲོང་ཁྱེར་གྱི་ཐིང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ། ལོ་ཆུང་གདོང་ལེན་རུ་མི། དྲག་ཆས་ཉེན་རྟོག་དཔོན་དམག   ལས་བྱེད་མང་ཚོགས་ཀྱི་འཐུས་ཚབ་སོགས་མི་བཞི་བརྒྱ་ལྷག་གིས་གོ་རིམ་ལྡན་པའི་ངང་དྲན་གསོའི་རྡོ་རིང་ལ་བསྐོར་བ་བརྒྱབ་སྟེ་གུས་མཇལ་ཞུས་ནས་སྔོན་གཤེགས་དཔའ་བོར་སེམས་གཏིང་ནས་དྲན་གསོ་བྱེད་པ་དང་བླ་ན་མེད་པའི་གུས་འདུད་མཚོན་པར་བྱས།

མཛད་སྒོ་མཇུག་སྒྲིལ་རྗེས།  ཞིང་ཆེན་གྱི་འགོ་ཁྲིད་རྣམས་ནུབ་ལམ་དམག་གི་དྲན་གསོ་ཁང་དུ་སོང་ནས་དམར་དམག་རྒྱང་སྐྱོད་ཀྱི་དཀའ་བར་མི་སྐྲག་ཅེས་པའི་ཀྲུང་དབྱང་གི་དམར་དམག་རྒྱང་སྐྱོད་ཇུས་ཆོད་དང་འགོ་ཚུགས་ལོ་རྒྱུས་འགྲེམ་སྟོན་གྱི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་ལ་ལྟ་སྐོར་བྱས། ལུའོ་ཏུང་ཁྲོན་གྱིས་གཟབ་ནན་ངང་ཉན་པ་དང་སྐབས་འགར་དྲི་བ་བཏོན་པར་མ་ཟད། ད་དུང་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་རེ་རེ་ནི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་དྲན་ཤེས་ཀྱི་གོ་རྟགས་སད་ཐེངས་རེ་དང་མི་རིགས་སྙིང་སྟོབས་ཀྱི་རྒྱུན་འཛིན་ཐེངས་རེ་ཡིན།  མཚོ་སྔོན་ནི་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་མངའ་བའི་གསར་བརྗེའི་གནས་ཤིག་ཡིན་ལ།  རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པར་ཐུན་མོང་མ་ཡིན་པའི་བྱས་རྗེས་བཞག་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་སྟེང་།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པར་བྱས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ལྷག་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཆེན་པོའི་ཁྲོད་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བ།   བློ་རྩ་བརྟན་པོ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འབད་འཐབ་ཀྱི་ལམ་བུར་བརྟན་པོར་བསྐྱོད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་བ། མཚོ་སྔོན་གྱི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པ་དང་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་བཅས་བྱས་ཏེ་རྒྱུན་ཆད་མེད་པར་ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་ལེན་དགོས་ཞེས་ནན་གྱིས་བསྟན།

ལྷ་མོ་ཚེ་རིང་གིས་བསྒྱུར།