
ཟླ9པའི་ཚེས30ཉིན་ནི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་ཐེངས་བཅུ་གསུམ་པ་ཡིན་ལ། ཉིན་དེའི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་བང་སོ་རུ་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོའི་བྱེད་སྒོ་སྤེལ།
བྱེད་སྒོའི་ཁྲོད། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ཡོངས་གྲལ་བསྒྲིགས་ཏེ་གུས་སྟབས་ཀྱིས་ལངས་ནས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་གི་ཕྲེང་བ་ཕུལ་ཏེ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན་བཅས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་སེམས་གཏིང་ནས་དྲན་གསོ་ཞུས་པ་དང་། དེ་གར་དུར་སྦས་བྱས་ཡོད་པའི་དམར་དམག་ནུབ་ལམ་དམག་གི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ཏེ། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་རྣམས་ཀྱིས་ཕུགས་འདུན་རྒྱུན་འཛིན་དང་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས།
བྱེད་སྒོར་ཞུགས་པའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ལང་ལོང་སྒོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བའི་སྐབས་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁབ་ཐོབ་ནས་ལོ90འཁོར་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཆེན“ཀྲང་ཀྲོའུ110”རུ་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དཔའ་བོར་དྲན་གསོ་ཞུ་བ་དེ་རང་འགན་གཙང་སྒྲུབ་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ། བློ་དཀར་གཞུང་དྲང་གི་འདུ་ཤེས་ཆགས་པར་བྱེད་པ། དཔའ་ངར་ཆེན་པོས་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཞུགས་པ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་གཏན་འཇགས་སྲུང་སྐྱོང་བྱེད་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་ངེས་ཡིན་ཞེས་བསྟན།
ཞིང་ཆེན་སྤྱི་བདེ་ཐིང་ཏང་ཨུའི་ནུས་ལྡན་འགོ་ཁྲིད་འོག མཚོ་སྔོན་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་མཚོ་སྔོན་གྱི་ཞིན་ཅང་དང་བོད་ལྗོངས་གཏན་འཇགས་ཡོང་བའི་འཐབ་ཇུས་ངེས་གནས་ལ་རྐང་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཆེན་པོ་གཉིས་དང་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་བཟུང་བ་དང་། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱས་པར་མ་ཟད། དུས་རབས་གསར་པའི་ཧྥིན་ཆའོ་ཉམས་མྱོང་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་། སྤྱི་བདེ་ལས་ཁུངས་ཀྱི་འཐབ་རྩོད་ནུས་པ་ཆེ་རུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཞིང་། ཆེད་ལས་དང་རྐྱེན་སྲོལ། གཞི་གྲངས་ཆེན་མོ་བཅས་བཅས་མཉམ་འདྲེས་ཀྱི་ཉེན་རྟོག་ལས་དོན་འཁོར་སྐྱོད་རྣམ་པ་གསར་པ་ཁྲིད་སྟོན་དུ་བྱས་ཏེ་རྒྱུན་ཆད་མེད་པར་གསང་འཕྲིན་དང་བཀོད་འདོམས། འགུལ་སྐྱོད་བཅས་གཞི་གཅིག་ཅན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་བ་དང་། རང་རྟོགས་སྒོས་ཉེན་རྟོག་ལས་དོན་སོགས་ལེགས་པོར་སྒྲུབ་པར་མ་ཟད། གཏན་འཇགས་དང་འབྲེལ་བའི་ཉེན་ཁ་སྣ་ཚོགས་ཐག་གཅོད་ལེགས་པོ་བྱས་ལ། ཁྲིམས་ལྟར་ཁྲིམས་འགལ་ནག་ཉེས་ཚབས་ཆེན་ལ་རྡུང་རྡེག་དང་བཅོས་སྐྱོང་བྱས་ཤིང་། སྤྱི་པའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་བདེ་འཇགས་སྲུང་སྐྱོང་ལེགས་པོ་བྱས། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཚུན་ལ། མཚོ་སྔོན་སྤྱི་བདེ་ལས་ཁུངས་སུ་བསྡོམས་པས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ228ཀྱིས་གཞུང་དོན་དུ་རང་སྲོག་བློས་བཏང་བ་དང་། དེའི་ནང་མི59སྔོན་གཤེགས་དཔའ་བོར་བདམས་ཡོད།
ལྷ་མོ་ཚེ་རིང་གིས་བསྒྱུར།