
ཟླ9པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝུན་ལའེ་སུའུ་ཏན་ཧ་སང་ན་འར་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཝུན་སྲོལ་རྒྱུན་གྱི་མཛའ་བརྩེའི་ལོ་རྒྱུས་ཡུན་རིང་ཞིང་བརྟན་པོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྒྱལ་ཁབ་ཆེ་ཆུང་བར་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཐུན་མོང་འཕེལ་རྒྱས་ཀྱི་དཔེ་མཚོན་བསྐྲུན། ཕྱི་འབྲེལ་གྱི་ལོ35རིང་། ཀྲུང་ཝུན་བར་གྱི་ཆབ་སྲིད་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་བླངས་ལ། མི་ཚུལ་བརྗེ་རེས་སྔར་བས་གཏིང་ཟབ་ཏུ་ཕྱིན། ན་ནིང་ཧ་སང་ན་འར་སུའུ་ཏན་གྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་སྟེ། ཕྱོགས་གཉིས་ཀྱིས་ཀྲུང་ཝུན་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལོ་རྒྱུས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་སླེབས་པར་ཁྲིད་སྟོན་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་ཀྲུང་ཝུན་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཧ་སང་ན་ཨར་སུའུ་ཏན་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར་སོ་ལྔ་ལོན་པ་གོ་སྐབས་སུ་བཟུང་སྟེ། སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་མཐུད་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱུན་མཐུད་ངང་ཟབ་སྤེལ་བཅས་བྱེད་དགོས་ལ། ཀྲུང་ཝུན་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་བས་ལེགས་པོ་སྐྲུན་དགོས་པ་མ་ཟད། ས་ཁུལ་དར་རྒྱས་དང་བརྟན་འཇགས་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཧ་སང་ན་འར་གྱིས་བསྟན་དོན། ཕྱི་འབྲེལ་བཙུགས་པའི་ལོ35སོང་རིང་། ཝུན་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱུས་ལོན་བཅས་བྱས། 2025ལོར་རྒྱལ་ཁབ་གཉིས་ཀྱིས་ལས་སྐལ་གཅིག་མཐུན་ཚོགས་པ་སྒྲིག་འཛུགས་བྱེད་པར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་། ངས་ཝུན་ཀྲུང་བར་ཕྱི་འབྲེལ་བཙུགས་ནས་ལོ35འཁོར་བ་གོ་སྐབས་སུ་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྦྲེལ་ཟམ་སྔར་བས་ཇེ་དམ་དུ་གཏང་རྒྱུ་ཡིན་ལ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། རྒྱལ་སྲུང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏང་རྒྱུ་དང་། ལག་གདང་སྦྲེལ་ནས་རྒྱལ་ཁབ་གཉིས་ཀྱི་དར་རྒྱས་ཡར་ཐོན་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ཁེ་ཕན་བསྐྲུན་པའི་རེ་ལྟོས་བྱེད་བཞིན་ཡོད།