《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ10པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས19པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས》ཞེས་པ་སྤེལ། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས2026ལོའི་ཟླ་དང་པོའི་བར་གྱི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་གྱི་གནད་བསྡུས་རེད།

རྩོམ་ཡིག་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་དམངས་འཚོ་གཙོ་གནད་ཡིན། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན་པ་དང་། ང་ཚོའི་དམིགས་ཡུལ་ཧ་ཅང་བརྗིད་ཉམས་ལྡན་ལ་བབ་ཆགས་ཞིག་ཀྱང་ཡིན་པས། མཐར་གཏུགས་ནས་བཤད་ན་མི་དམངས་ལ་འཚོ་བ་སྔར་ལས་ལེགས་པོ་རོལ་དུ་འཇུག་རྒྱུ་དེ་ཡིན། ངེས་པར་དུ་འཕེལ་རྒྱས་ཁྲོད་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་དུ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་རྒྱུར་སྐུལ་མ་བཏང་སྟེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་གྱིས་བསྟན།

རྩོམ་ཡིག་ལས་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་། ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། དོ་མཉམ་རང་བཞིན་དང་སླེབས་ནུས་རང་བཞིན་ཇེ་དྲག་ཏུ་བཏང་ནས། ཐུན་མོང་ཕྱུག་འགྱུར་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཚད་མཐའ་བརྟན་སྲུང་དང་གཙོ་གནད་འབུར་ཐོན་དང་ལམ་ལུགས་འཐུས་ཚང་། སྔོན་དཔག་ལ་ཁྲིད་སྟོན་བཅས་བྱས་ཏེ། སློབ་གསོ་དང་ཡོང་འབབ་བགོ་བཤའ། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་སོགས་ཐད་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས་པ་དང་། བྱིས་པ་སྐྱོང་མཁན་ཡོད་པ་དང་སློབ་ལ་ཁྲིད་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམ་ཆུང་རོགས་སྐྱོར་ཐུབ་པ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཕུན་སུམ་ཚོགས་པ་དང་། སྔར་བས་འགན་སྲུང་ཡོད་པ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱ་དགོས། རིགས་ཁག་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དོ་ཁུར་ཧ་ཅང་ཆེན་པོ་དང་ཐུགས་ཁུར་ཧ་ཅང་ཆེན་པོ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཁོ་ཚོའི་བདེ་སྡུག་སེམས་སུ་འཛིན་པ་དང་། ཁོ་ཚོའི་དཀའ་སྡུག་ལ་སེམས་ཁུར་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱ་དགོས་ཞེས་བསྟན།

རྩོམ་ཡིག་ལས་བསྟན་དོན། དམངས་འཚོའི་བྱ་བ་ཐད་ཀར་མང་ཚོགས་ལ་ངོ་ཐུགས་ནས་རྩིས་བསྡུར་བྱེད་དགོས་ལ་གཡོ་ཟོལ་སྤུ་ཙམ་ཡང་བྱེད་མི་རུང་། ཁས་ལེན་བྱས་པ་རྣམས་ཁ་བཤད་ལག་བསྟར་བྱེད་དགོས་པ་དང་བྱ་བ་གཅིག་རྗེས་གཉིས་མཐུད་ངང་སྒྲུབ་པ་དང་ལོ་གཅིག་རེ་གཅིག་རེ་མཐུད་ནས་སྒྲུབ་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་རྒྱུན་འཁྱོངས་བྱས་ནས། དགོས་མཁོ་དང་སྒྲུབ་ཐུབ་ཚོད་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་ནོར་ཤུགས་རྒྱུན་མཐུད་ཐུབ་པའི་རྨང་གཞིའི་ཐོག་འཛུགས་དགོས། རྒྱ་ཆེའི་མང་ཚོགས་ལ་ལས་བརྩོན་ཕྱུག་འགྱུར་ལ་བརྟེན་ནས་འཚོ་བ་ཇེ་ལེགས་སུ་གཏོང་བའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། དམངས་འཚོ་ཇེ་ལེགས་སུ་གཏོང་རྒྱུ་དེ་ཏང་དང་སྲིད་གཞུང་གི་བྱ་བའི་ཁ་ཕྱོགས་ཤིག་ཡིན་ལ། མི་དམངས་མང་ཚོགས་རང་ངོས་ཀྱིས་འབད་འཐབ་བྱེད་པའི་དམིགས་འབེན་ཞིག་ཀྱང་ཡིན།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྩ་བའི་དམིགས་ཡུལ་ནི་དམངས་འཚོ་འགན་སྲུང་དང་ལེགས་བཅོས་སྔར་ལས་ལེགས་པོ་བྱ་རྒྱུ་དེ་ཡིན་ལ། དམངས་འཚོ་དམ་འཛིན་བྱེད་པ་ཡང་འཕེལ་རྒྱས་དམ་འཛིན་བྱེད་པ་ཡིན། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུ་གཉིས་གཅིག་གྱུར་དམ་ཟབ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྲིད་ཇུས་གཏན་འབེབས་བྱ་རྒྱུ་དེ་དུས་མཉམ་དུ་དམངས་འཚོ་ལེགས་བཅོས་བྱ་རྒྱུའི་བླང་བྱའི་ནང་འཇུག་པ་དང་། དམངས་འཚོའི་སྲིད་ཇུས་གཏན་འབེབས་བྱ་རྒྱུ་དེ་དུས་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་ནུས་ལ་བསམ་གཞིགས་བྱས་ཏེ། དམངས་འཚོ་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས་འབྲེལ་མཐུད་ནུས་ལྡན་དང་གཅིག་ལ་གཅིག་བརྟེན་ཐུབ་པར་བྱ་དགོས།

ཤ་བོ་རིན་མཚོས་བསྒྱུར།