རྒྱལ་ས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོ་ངང་གཟབ་རྒྱས་སྤེལ།
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

​སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་མངོན་འགྱུར་བྱེད་ཆེད་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པའི་རྒྱང་སྐྱོད་ཀྱི་འཐབ་ལམ་གསར་པའི་ཐོག   ཟླ10པའི་ཚེས1ཉིན། ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ77འཁོར་བའི་འཁྲུངས་སྐར་བསུས། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ། རྒྱལ་དར་སྒྲེང་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་དང་། ལས་རིགས་སོ་སོའི་མང་ཚོགས་ཀྱིས་ཡུལ་དངོས་སུ་རྒྱལ་དར་སྒྲེང་བར་བལྟས་ནས། མཉམ་དུ་མེས་རྒྱལ་དར་རྒྱས་དང་། དམངས་ལ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས།

ཧྲན་ཞི་ཐའེ་ཡོན་གྱི་ཡུལ་སྐོར་བ་ཧུའུ་ཧའེ་ཞ་ཡིས་བཤད་རྒྱུར།  གནམ་བདེ་སྒོ་མོ་ཆེ་ནས་རྒྱལ་དར་སྒྲེང་བར་བལྟས་ནས། སེམས་ནང་སྟོབས་ཤུགས་ཧ་ཅང་ཆེན་པོ་སྐྱེས་བྱུང་། ངས་རྒྱལ་ཁབ་ལ་བཅངས་པའི་མྱོང་ཚོར་ཆེ་ཤོས་ནི་སེམས་ཇེ་བདེ་ནས་ཇེ་བདེ་དང་། འཚོ་བའི་ཕྱོགས་སོ་སོའི་འགན་སྲུང་ཇེ་ཆེ་ནས་ཇེ་ཆེ། ང་ཚོའི་རྒྱལ་ཁབ་སྔར་ལས་སྟོབས་ལྡན་དང་མང་ཚོགས་ཀྱི་འཚོ་བ་ཇེ་དགའ་ཇེ་སྐྱིད། བྱིས་པ་ཚོ་བདེ་ཐང་ངང་འཚོ་བ་སྐྱེལ་ཐུབ་པ་དང་རང་རང་གི་ཕུགས་འདུན་སྙེག་ཐུབ་པར་གྱུར་ཡོད་པ་དེ་རེད་ཟེར།

ཀོང་ཏུང་ཧྲེན་ཀྲེན་གྱི་ཡུལ་སྐོར་བ་ཞུས་ཆུན་ཏན་གྱིས་བཤད་རྒྱུར། ཞི་བདེའི་ཕུག་རོན་འཕུར་བའི་སྐད་ཅིག་མ་དེར། ང་ལ་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་། འདི་ད་ང་ཚོའི་ཀྲུང་གོ་རེད། དུས་ནམ་ཡང་འཛམ་གླིང་ལ་ལྷིང་འཇགས་དང་བདེ་སྐྱིད། ཞི་བདེའི་སྟོབས་ཤུགས་འདྲེན་བཞིན་ཡོད། ངས་ད་རུང་ང་ཚོའི་ཆེད་དུ་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་དེ་དག་དང་། སྔོན་བྱོན་པ་དེ་དག་ལ། དུས་རབས་འདི་ཁྱེད་ཚོའི་སྨོན་ལམ་ལྟར་དར་རྒྱས་ཡིན་ལ། ང་ཚོ་མི་རབས་རྗེས་མས་ཀྱང་རང་སྟོབས་རང་སྤེལ་བྱེད་ཀྱིན་ཡོད་ཅེས་ཞུ་འདོད་ཟེར།

པེ་ཅིང་གྲོང་ཁྱེར་གྱི་གྲོང་མི་ཀྲའོ་ཁྲེན་ཞའོ་ཡིས་བཤད་རྒྱུར།  ང་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ནི་གསར་དུ་བྱ་བར་ཞུགས་ནས་ཡུན་རིང་མ་འགོར་བའི་ན་གཞོན་ཏང་ཡོན་ཞིག་ཡིན། ངའི་ཁྱིམ་དུ་ཏང་ལོ50ཡན་གྱི་ཏང་ཡོན་རྒན་པ་གཉིས་ཡོད། ངའི་རྨོ་མོ་དང་ངའི་ཨ་མྱེས་གཉིས་ཀྱིས་ཀྱང་ང་ལ་རང་གི་ལས་གནས་ཐོག་ནས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པར་བྱས་རྗེས་འཇོག་དགོས་ཞེས་མངག་བཅོལ་བྱས་མྱོང་ཟེར།

པེ་ཅིང་རྫས་འགྱུར་བཟོ་ལས་སློབ་ཆེན་གྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་པའོ་ཅ་ཡུས་ཀྱིས་བཤད་རྒྱུར། རྒྱལ་གླུ་གྲགས་པའི་སྐབས་དེར། ངའི་ལུས་ཡོངས་ཀྱི་ཟུང་ཁྲག་དྲོན་མོར་གྱུར་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ན་གཞོན་རྣམས་ལ་མེས་རྒྱལ་དང་མི་དམངས་ལ་དགོས་མཁོ་ཆེ་བའི་ས་ཆར་བསྐྱོད་དེ་བྱས་རྗེས་འཇོག་དགོས་ཞེས་སྐུལ་ལྕག་གནང་ཡོད་པས། སློབ་གྲྭ་ནས་མཐར་ཕྱིན་རྗེས། ང་ནུབ་རྒྱུད་དུ་སོང་ནས་བྱ་བ་བསྒྲུབ་འདོད།  མེས་རྒྱལ་གྱི་ས་གཞི་ཆེན་མོའི་ཐོག་རང་གི་བྱས་རྗེས་འཇོག་པ་དང་། ལང་ཚོའི་སྟོབས་ཤུགས་རྒྱལ་ཁབ་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་འབུལ་འདོད་ཟེར།

ནུབ་བྱང་བཟོ་ལས་སློབ་ཆེན་གྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཧོའུ་ཡུས་ཁྲའོ་ཡིས་བཤད་རྒྱུར།  རྒྱལ་གླུ་རྔམ་བརྗིད་ལྡན་པའི་ངང་གྲགས་པའི་སྐབས་དེར། ངས་ཚོར་ཡོང་བ་ནི་ང་ཚོ་ཀྲུང་ཧྭ་མི་རིགས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་འཕར་རྩ་དེ་རེད། ད་ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་ལོ་ཡིན་པ་དང་། མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་ཅེས་པ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་འགོད་ཀྱི་རྩ་གནད་ནང་ཐེངས་དང་པོར་བཞག་པ་རེད། ངས་ཐེངས་འདིར་ཡུལ་དངོས་སུ་རྒྱལ་དར་སྒྲེང་བར་བལྟས་ནས་བྱུང་བའི་མྱོང་ཚོར་དང་བློ་སྤོབས་དེ་མཐའ་ཡས་པའི་བར་སྣང་འཚོལ་ཞིབ་བྱེད་པའི་འཛད་མེད་སྒུལ་ཤུགས་སུ་བསྒྱུར་ནས། ཏན་ཏན་ཏིག་ཏིག་གིས་མཁའ་སྐྱོད་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ལེགས་པོར་སྐྱོད་ངེས་ཟེར།

པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ཅང་ཡན་གྱིས་བཤད་རྒྱུར། ད་ལོ་ནི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ལོ་དང་ཏག་ཏག་འཁེལ་ཡོད། ལོ་ངོ90ཡི་གོང་རོལ་དུ། ང་ཚོའི་སྔོན་རབས་པས་རྐང་པ་གཉིས་ལ་བརྟེན་ནས་འཛམ་གླིང་ཧང་སངས་སུ་བཅུག་པའི་རླབས་ཆེའི་འགུལ་སྐྱོད་ལེགས་འགྲུབ་བྱས། སྔོན་བྱོན་པ་ཚོས་རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཀྱིས་སྔ་ནས་ད་བར་ང་ལ་སྐུལ་ལྕག་ཟབ་མོ་གཏོང་བཞིན་ཡོད། མི་རབས་གཅིག་ལ་མི་རབས་གཅིག་གི་རྒྱང་སྐྱོད་ཡོད་དེ། ང་ཚོའི་རྒྱང་སྐྱོད་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ང་ཚོ་ན་གཞོན་གྱི་སྟོབས་ཤུགས་འདོན་སྤེལ་བྱེད་རྒྱུ་དེ་རེད་ཟེར།

མི་ཚོགས་ཀྱིས་བཤད་རྒྱུར། སྐལ་བཟང་རྒྱལ་སྟོན་ཆེན་མོར་རྒྱལ་ཡོངས་མཉམ་དུ་རོལ། རླབས་ཆེན་གྱི་མེས་རྒྱལ་བདེ་ཞིང་དམངས་ཡོངས་བདེ་སྐྱིད་ལྡན་པར་ཤོག་ཟེར།