
ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དུས་ཆད་ལྟར་ནེའུ་ཙི་ལན་གྱི་ཙུང་ལི་ལ་ཁེ་སེན་ལ་ཁ་པར་བཏང་།
ལི་ཆང་གིས་བསྟན་དོན། མིག་སྔར། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་རྒྱུན་མཐུད་ངང་བརྟན་པོར་མདུན་བསྐྱོད་བྱུང་བ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་བཞིན་ཡོད། ཆབས་ཅིག་ཏུ། རྒྱལ་སྤྱིའི་གནས་བབ་ལ་ད་རུང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བཞིན་ཡོད་པ་དང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱིས་རྒྱུན་མཐུད་ངང་འཛམ་གླིང་གི་དཔལ་འབྱོར་ལ་གཏོང་བརླག་གཏོང་བཞིན་ཡོད། ཀྲུང་གོ་དང་ནེའུ་ཙི་ལན་ནི་གཉིས་ཀ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཡིན་པས། མཐུན་སྦྱོར་རོགས་ལས་སྔར་ལས་མང་པོ་སྤེལ་འོས། སང་ལོར་ཀྲུང་གོ་དང་ནེའུ་ཙི་ལན་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་ལོ་རེད། ཀྲུང་གོ་ཕྱོགས་ཀྱིས་ནེའུ་ཙི་ལན་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་མཐུན་རྒྱུན་འཛིན་བྱེད་པ་དང་། ཉོ་ཚོང་དང་། ནུས་ཁུངས་གསར་པའི་རླངས་འཁོར། མི་ཚུལ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་། ས་ཁུལ། ཐ་ན་འཛམ་གླིང་གི་བརྟན་ལྷིང་དང་དར་རྒྱས་ལ་སྒུལ་ཤུགས་སྣོན་འདོད་ཡོད།
ལ་ཁེ་སེན་གྱིས་བསྟན་དོན། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་བཞིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་བར་གྱི་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ་དང་། ཉོ་ཚོང་སོགས་ཀྱི་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་སྤེལ་གཏོང་འདོད་ཡོད། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་གཙོ་སྒྲུབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བསྟན།