ཀྲའོ་ལེ་ཅི་ཡིས་སོ་སོར་པོ་ཚི་ཝ་ན་ཡི་སྲིད་འཛིན་དང་ཐོ་ཀོ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཉིས་ལ་མཇལ་འཛོམས་གནང་། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར་པེ་ཅིང་དུ་སོ་སོར་པོ་ཚི་ཝ་ནའི་སྲིད་འཛིན་པོ་ཁོའོ་དང་ཐོ་ཀོའི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་གཉིས་ལ་མཇལ་འཕྲད་གནང་།  པོ་ཁའོ་དང་མཇལ་འཕྲད་གནང་སྐབས་ཀྲའོ་ལེ་ཅི་ཡིས་བསྟན་དོན། པོ་ཚི་ཝ་ན་ནི་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་དུ་ཡོད་པའི་ཀྲུང་གོའི་རོགས་ཟླ་གལ་ཆེན་ཡིན། དེ་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་སྲིད་འཛིན་དང་གྲོས་མོལ་གནང་ནས་ཀྲུང་པོ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་མཉམ་དུ་འབྲི་བཞེངས་མཛད། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་དབུ་འཛིན་དབར་གྲུབ་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། འདྲ་མཉམ་ཡིད་རྟོན་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་པོ་ཚི་ཝ་ན་བར་གྱི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་དུ་བསླེབ་པར་སྐུལ་འདེད་གཏོང་རྒྱུ་ཡིན།  ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་པོ་ཚི་ཝ་ནའི་གྲོས་ཁང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ལ་དམིགས་ནས་ཉམས་མྱོང་སྤེལ་རེས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་མཁོ་འདོན་བྱེད་འདོད་ཡོད།  པོ་ཁོའོ་ཡིས་བསྟན་དོན། པོ་ཚི་ཝ་ན་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་གྲོགས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་མཐའ་གཅིག་ཏུ་བྱ་ངེས་ཡིན། ཀྲུང་གོས་པོ་ཚི་ཝ་ནའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུ་བ་དང་། ཀྲུང་གོ་ཕྱོགས་ཀྱི་རྒྱལ་ཁའི་ཉམས་མྱོང་དཔེ་གཞིར་འཛིན་འདོད་ཡོད་ཅིང་།  རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་ལས་ཁུངས་ཀྱིས་སྤེལ་རེས་ལ་ཤུགས་བསྣན་ནས་ནུས་པ་འཛུགས་སྐྱོང་དང་མི་སྣ་གསོ་སྦྱོང་སོགས་ཀྱི་ཐད་ནས་མཉམ་ལས་གཏིང་ཟབ་བྱ་རྒྱུའི་རེ་བ་བཅངས་ཡོད། 

བློ་བཟང་རྒྱལ་མཚན་མཇལ་འཕྲད་ལ་ཞུགས།

ཚེས13ཉིན་གྱི་ཕྱི་དྲོར། པོ་ཚི་ཝ་ན་ཡི་སྲིད་འཛིན་པོ་ཁའོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་བསྐྱོད་དེ་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ། 

ཧྥུའུ་ལེ་དང་མཇལ་འཕྲད་གནང་སྐབས་ཀྲའོ་ལེ་ཅི་ཡིས་བསྟན་དོན།  ཀྲུང་ཐོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ50ལྷག་གི་རིང་མཐའ་གཅིག་ཏུ་ཟོལ་མེད་མཛའ་མཐུན་དང་འདྲ་མཉམ་ཡིད་ཆེས། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱུན་བསྐྱངས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། ཚེས13ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཀྲུའུ་ཞི་དང་མཇལ་འཛོམས་གནང་སྟེ།  ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་མཉམ་དུ་འབྲི་བཞེངས་མཛད།  ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་པོ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀའི་དབུ་འཛིན་གྱི་ངོས་འཛིན་གཅིག་མཐུན་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ། ཆབ་སྲིད་ཐད་ནས་ཕན་ཚུན་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ་དང་། གཉིས་ཕན་མཉམ་རྒྱལ་རྒྱ་ཆེར་བསྐྱེད་པ། མི་ཆོས་འགྲོ་འོང་ཇེ་ཟབ་ཏུ་གཏོང་བར་འདོད།  ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་ཀྱིས་ཐོ་ཀོའི་གྲོས་ཚོགས་ཁང་གཉིས་དང་སྤེལ་རེས་བྱེད་པ་དང་ཕན་ཚུན་མིག་དཔེར་བཟུང་སྟེ། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་མཐུན་སྦྱོར་མཉམ་ལས་ཇེ་དམ་དུ་གཏོང་འདོད།

ཧྥུའུ་ལེ་ཡིས་བསྟན་དོན། ཐོ་ཀོ་དང་ཀྲུང་གོའི་བར་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཡོད། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་ཕན་ཚུན་ཡིད་རྟོན་དང་། ཕན་ཚུན་བརྩི་འཇོག ཐུན་མོང་གི་འདུ་ཤེས་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པ་དང་། ཀྲུང་གོའི་དོ་ཁུར་བྱེད་བཞིན་པ་ནི་ཐོ་ཀོའི་དོ་ཁུར་བྱ་ཡུལ་ཡང་ཡིན།  རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས་ཁྲིམས་འཛུགས་ལས་ཁུངས་དབར་གྱི་འགྲོ་འོང་ཇེ་ཟབ་དང་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ཏེ། ཐོ་ཀོ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ཡུན་ནས་ཡུན་དུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།

ཚེས13ཉིན་གྱི་ཕྱི་དྲོར། ཐོ་ཀོ་ཡི་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

​