མགོན་པོ་བཀྲ་ཤིས་ཀྱིས་མདོ་དབུས་མཐོ་སྒང་སའི་གོ་ལའི་མ་ལག(སྐྱེ་ཁམས)གཞི་གྲངས་ཆེན་མོའི་ལྟེ་གནས་སུ་རྟོག་ཞིབ་བྱས།
ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས།

ཟླ10བའི་ཚེས12ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ཁག་ཅིག་གི་སྣེ་ཁྲིད་དེ་མདོ་དབུས་མཐོ་སྒང་སའི་གོ་ལའི་མ་ལག(སྐྱེ་ཁམས)གཞི་གྲངས་ཆེན་མོའི་ལྟེ་གནས་སུ་རྟོག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱས་ཏེ། གཞི་གྲངས་ལྟེ་གནས་ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱས་ནས། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྩོལ་དགོས་པ་ནན་གྱིས་བསྟན།

མདོ་དབུས་མཐོ་སྒང་སའི་གོ་ལའི་མ་ལག(སྐྱེ་ཁམས)གཞི་གྲངས་ཆེན་མོ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་མཚོ་སྔོན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་དེ་མིན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། གཞི་གྲངས་གཅིག་བསྡུས་དང་དཔེ་དབྱིབས་རིགས་འདེད་འཁྲབ་སྟོན། ཐབས་ཇུས་རྒྱབ་སྐྱོར་བཅས་གཞི་གཅིག་ཏུ་འགྱུར་བའི་འཐབ་ཇུས་རང་བཞིན་གྱི་གྲངས་རིག་ཅན་གྱི་སྟེགས་བུ་བསྐྲུན་དགོས། ལྟེ་གནས་ཀྱིས་ད་ལྟ་རིམ་པ་མང་བའི་ལྟ་ཞིབ་ཚད་ལེན་ས་ཚིགས4000ལྷག་གི་གཞི་གྲངས་གཅིག་སྡུད་བྱས་པ་དང་། “གྲངས་རྩིས་གཞི་གཅིག”གི་གནམ་གཤིས་གཞི་གྲངས་ཆེན་མོའི་ལས་སྟེགས་བསྐྲུན་ནས། མདོ་དབུས་མཐོ་སྒང་གི་སའི་གོ་ལའི་མ་ལག་གི་གཞི་གྲངས་སྣ་ཚོགས་དང་། ཞིབ་འཇུག་བྱེད་ཐབས། རྩིས་རྒྱག་དཔེ་དབྱིབས། ཉེར་སྤྱོད་ཞབས་ཞུ་བཅས་རྒྱ་ཁྱབ་ངང་གཅིག་སྡུད་རགས་ཙམ་བྱས་ཡོད། མགོན་པོ་བཀྲ་ཤིས་སོགས་ཀྱིས་ལྟེ་བའི་འཛུགས་སྐྲུན་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཐད་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་། སྤྲིན་སྣེའི་དཔེ་དབྱིབས་ལ་ལྟ་ཞིབ་བྱས། ཚང་མས་ལྟེ་གནས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་པ་དང་མཐོ་སྒང་གི་ཁྱད་ཆོས་ལ་གཞི་ཚུགས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་གནམ་གཤིས་འགྱུར་ལྡོག་ཞིབ་འཇུག་སོགས་ལ་གཞི་གྲངས་ཅན་གྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པའི་ངོས་འཛིན་བྱས།

དེའི་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཞིང་ཆེན་གནམ་གཤིས་ཅུས་ཀྱི་འགན་འཁུར་བས་འབྲེལ་ཡོད་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་ལ་ནན་ཏན་ངང་ཉན་ནས་ཚང་མ་དང་བརྗེ་རེས་དཔྱད་བསྡུར་བྱས། ཁོས་བསྟན་དོན། གནམ་གཤིས་ཞབས་ཞུ་དེ་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཡོད་པ་དང་། མི་རབས་ནས་མི་རབས་བར་མཐོ་སྒང་གནམ་གཤིས་ལས་དོན་པས་མཐོ་སྒང་དུ་གཞི་ཚུགས་པ་དང་རང་འགུལ་སྒོས་ཡོད་ཚད་ཕུལ་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་ཧུར་ཐག་གིས་ལེགས་སྐྱེས་ཕུལ་ཡོད། མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། མདོ་དབུས་མཐོ་སྒང་གི་སའི་གོ་ལའི་མ་ལག(སྐྱེ་ཁམས)གི་གཞི་གྲངས་ཆེན་མོའི་ལྟེ་གནས་ཀྱི་ངེས་གནས་མཐོ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་བློ་ལ་བརྟན་པོར་ངེས་ནས། ལས་སྟེགས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱ་རྒྱུར་ཞབས་འདེགས་ཞུ་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་གནམ་གཤིས་ལས་དོན་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་གྲོས་མོལ་ལས་སྟེགས་ལ་བརྟེན་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ། འབྲེལ་ཡོད་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་མཉམ་ལས་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་བཏང་ནས་གྲོས་མོལ་དང་གཏམ་བཤད་ཀྱི་ཐབས་ལམ་ཡག་པོ་སྤྱོད་པ་དང་། ཕྱོགས་སོ་སོའི་ཐོན་ཁུངས་གཅིག་སྡུད་བྱས་ཏེ་མཐོ་སྒང་གི་གནམ་གཤིས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རོགས་བྱེད་དགོས། དེ་དང་ཆབས་ཅིག གནམ་གཤིས་སྡེ་ཁག་གིས་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཚ་གཡོལ་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་གནམ་གཤིས་ཀྱི་འགན་ལེན་བྱེད་དགོས།

ཝང་ཞོན་དང་ཐེན་ཁུའེ་རྟོག་ཞིབ་ལ་ཞུགས།

ཤ་བོ་རིན་མཚོས་བསྒྱུར།

​