
ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀོང་ཀྲོའུ་རུ་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་སྐབས140པའི་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གསུང་བཤད་གནང་།
ལི་ཆང་གིས་བསྟན་དོན། ད་ལོ་ནི་ཀོང་ཀྲོའུ་རུ་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་འགྲེམ་ཚོགས་བཙུགས་ནས་སྤེལ་བ་ལོ་70འཁོར་བའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་དུ་ཤིས་འཕྲིན་སྤྲིངས་ནས། ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བའི་ཆོད་སེམས་བརྟན་པོ་བསྐྱར་སྒྲོག་གནང་། ཉིན་རེར་སྒོ་འབྱེད་དང་རྒྱུན་མཐུད་གསར་གཏོད། ཁ་དན་ཚིག་གནས་ལ་མཐོང་ཆེན་བཅས་བྱེད་པའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་གསར་པ་བསྩལ་ཡོད་པ་མ་ཟད། སྒུལ་ནུས་གསར་པ་འདོན་སྤྲོད་དང་གཏན་འཁེལ་རང་བཞིན་ཆེ་རུ་བཏང་།
ལི་ཆང་གིས་བསྟན་དོན། ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ཀྱིས་རྒྱལ་སྤྱིའི་གནས་ཚུལ་འགྱུར་ལྡོག་གི་ཚོད་བགམ་བརྒྱུད། གསོན་ཤུགས་གསར་པ་རྒྱུན་ཆད་མེད་པར་གློད་ཡོད་ལ། དེའི་ཁྲོད་བབ་ཆགས་གཏིང་ཟབ་པའི་བློ་བསྐྱེད་འདུས་ཡོད། གཅིག་ནི་ཁྲོམ་རའི་སྦྲེལ་མཐུད་ནི་འཐབ་འགྲན་གྱི་ཡོ་བྱད་མིན་པར་འཕར་ཚད་གསར་གཏོད་ཀྱི་ནུས་ལྡན་བྱེད་ཐབས་ཤིག་ཡིན། ཀྲུང་གོས་རྒྱལ་ནང་གི་ཁྲོམ་ར་དང་རྒྱལ་སྤྱིའི་ཁྲོམ་ར་མུ་མཐུད་དུ་མཉམ་འདྲེས་དང་ཐུན་མོང་འཕེལ་རྒྱས་འགྲོ་བར་ཤུགས་བསྣན་ཏེ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་བྱས། གཉིས་ནི་རྒྱལ་སྤྱིའི་ཉོ་འཚོང་ནི་རྩིས་ཐོའི་གྲངས་ཀ་མིན་པར། བདེ་སྐྱིད་གོང་དུ་སྤེལ་བའི་རང་བདག་གི་གདམ་ག་ཞིག་ཡིན། ཀྲུང་གོ་ནི“རིམ་འདས་ཚོང་པ”དང“རིམ་འདས་ཉོ་མཁན”ཞིག་ཡིན་པའི་ངོས་ནས། ཕྱོགས་སོ་སོར“ཁྱིམ་མཚེས་བར་གྱི་ཕན་འབྲས”དང“ཁྱིམ་མཚེས་ཕྱུག་པོར་གཏོང་བའི་ཕན་འབྲས”སྔར་ལས་མང་པོ་བསྩལ་ཡོད། གསུམ་ནི་གཉིས་ཕན་མཉམ་རྒྱལ་ནི་ཕྱོགས་གཅིག་གིས་མཐུན་ཐབས་བྱེད་པ་ཙམ་མིན་པར་ཕན་ཚུན་ལ་ནུས་པ་སྩོལ་བའི་གྲུབ་འབྲས་ཤིག་ཡིན། ཀྲུང་གོ་ནི་ནམ་ཡང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡིད་ཆེས་ཆོག་པའི་གྲོགས་པོ་བཟང་པོ་ཡིན་པས། དེང་རབས་ཅན་གྱི་བགྲོད་ལམ་སྟེང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་བློ་བརྟན་འགྱུར་མེད་ངང་མཉམ་དུ་བསྐྱོད་འདོད་ཡོད།
ལི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་། ཁྲོམ་རའི་གོ་སྐབས་སྔར་ལས་མང་པོ་མཉམ་སྤྱོད། གཉིས་ཕན་མཉམ་ལས་སྔར་ལས་མང་པོ་རྒྱ་སྐྱེད་པ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་ལམ་མཐའ་གཅིག་ཏུ་སྲུང་སྐྱོང་བཅས་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་ལ་སྒུལ་ཤུགས་སྔར་ལས་མང་པོ་སྩོལ་དགོས།
འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ཝེ་ལཱ་ཡིས་བརྙན་རིས་ཀྱི་ལམ་ནས་ཤིས་ཚིག་ཕུལ་སྐབས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས། འཛམ་གླིང་ལ་ཐོབ་དཀའ་བའི་གོ་སྐབས་འདོན་སྤྲོད་བྱས། ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ནི་ཀྲུང་གོ་དང་འཛམ་གླིང་སྦྲེལ་མཐུད་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། ཕྱོགས་སོ་སོས་མཉམ་དུ་སྒོ་འབྱེད་དང་སྒྲིག་སྲོལ་ལ་གཞིགས་པའི་འཛམ་གླིང་ཉོ་ཚོང་མ་ལག་འཛུགས་པའི་རེ་བ་བཅངས་ཡོད། རྒྱལ་ཁབ་དང་ས་ཁུལ་དགུ་བཅུ་ཉེ་བ་ནས་ཡོང་བའི་ལས་རིགས་ཁག་གི་འཐུས་མི700ལྷག་འགོ་རྩོམ་མཛད་སྒོར་ཞུགས།
འགོ་རྩོམ་མཛད་སྒོའི་རྗེས་སུ། ལི་ཆང་གིས་ཀོང་ཀྲོའུ་ཡི་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་འགྲེམ་ཚོགས་ཀྱི་ཁེ་ལས་འགྲེམ་ཁང་ལ་སྐོར་ཞིབ་གནང་།
ཧོང་ཁོན་མེན་དང་ཝུའུ་ཀྲིན་ལུང་གཉིས་གོང་གསལ་གྱི་བྱེད་སྒོར་ཞུགས།