སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་དོ་སྣང་ཆེན་པོ་བྱས།
ཁུངས། ཀློག་གྲངས།

ཟླ10པའི་ཚེས12ཉིན་ནས་ཚེས13ཉིན་བར།   རྒྱལ་ཡོངས་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་པེ་ཅིང་དུ་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་མཚོ་སྔོན་ཞིང་ཆེན་གྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་དོ་སྣང་ཆེན་པོ་བྱས།   ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་བསྟན་དོན།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་བྱས་ནས།  བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ།   དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་དམ་འཛིན་བྱ་དགོས་ལ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བའི་འདུ་ཤེས་བརྟན་པོར་སྲུང་བ། མཐོ་སྒང་གི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལེགས་པར་སྒྲུབ་ནས།  བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་རྒྱུ་ཡིན།    

ཚང་མས་གཅིག་གྱུར་གྱིས་བལྟས་ན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་ཟབ་མོ་བཏབ་པར། བསམ་བློའི་རང་བཞིན་དང་འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ངེས་ཅན་ལྡན་པས། དུས་རབས་གསར་པ་དང་འཐབ་ལམ་གསར་བའི་འཕྲོད་བསྟེན་དང་བདེ་ཐང་བྱ་བ་ལེགས་པོ་བསྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པར་འདོད། ལོ་ངོ་བཅུའི་རིང་། མཚོ་སྔོན་གྱིས་མཐོ་སྒང་གི་ཁུལ་ཁོངས་ཀྱི་ཁྱད་ཆོས་དང་མང་ཚོགས་ཀྱི་བདེ་ཐང་དགོས་མཁོར་རྐང་བཙུགས་ནས།   སྤྱི་པའི་འཕྲོད་བསྟེན་གྱི་རྨང་གཞི་རྒྱུན་མཐུད་ངང་ཇེ་བརྟན་དང་། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་སྟེ།  རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཛིང་རགས་དམ་པོར་སྲུང་།   དེ་དང་ཆབས་ཅིག    སྨན་བཅོས་ཐོན་ཁུངས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ཇེ་ལེགས་དང་རིམ་ལྔའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་ལ། རིམ་དབྱེའི་ནད་བརྟག་སྨན་བཅོས་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་རྒྱུན་འཛིན་དང་གསར་གཏོད་སོགས་ཀྱི་གཙོ་གནད་བྱ་བ་བརྟན་བརླིང་ངང་སྐུལ་འདེད་བཏང་ནས།  ནད་རིགས་སྐྱོབ་བཅོས་དང་གཅོང་ནད་དོ་དམ་ནས་མ་བུ་དང་རྒན་གསོ།  གཞི་རིམ་ཁམས་གསོ་བར།   ཁྱོན་ཡོངས་དང་དུས་འཁོར་ཧྲིལ་པོའི་མཐོ་སྒང་གི་བདེ་ཐང་འགན་སྲུང་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཆང་གིས་བཤད་རྒྱུར། མཐོ་སྒང་གི་སྨན་བཅོས་ལས་སྒྲུབ་མི་སྣ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཕན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མཐོ་སྒང་གི་སྨན་བཅོས་ཀྱི་ཞན་ཆ་ཁ་གསབ་ལ་དམ་པོར་གཞིགས་ནས། མཐོ་སྒང་གསོ་རིག་གི་ཁྱད་ལྡན་ཆེད་ཚན་མུ་མཐུད་དུ་སྟོབས་ཆེར་གཏོང་བ་དང་། ཉེན་ཁ་དང་ནད་གཞི་ཚབས་ཆེན་གྱི་སྐྱོབ་བཅོས་མ་ལག་ཇེ་ལེགས་སུ་གཏོང་བ།  ནད་ཡམས་སྔོན་འགོག་གི་འགག་སྒོ་མདུན་དུ་སྤོར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བར་སྨན་བཅོས་ཀྱི་སྤུས་ཚད་དམ་འཛིན་ཏན་ཏིག་དང་། སྨན་བཅོས་ཀྱི་ཉམས་ལེན་ལེགས་བཅོས། འཇོན་མི་སྐྱེད་སྲིང་དང་ཚན་ཞིབ་སྟོབས་ཆེར་གཏོང་བ་བཅས་བྱ་དགོས་པ་མ་ཟད། ནུས་ཤུགས་ཡོད་རྒུས་མཐོ་སྒང་གི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལེགས་པར་སྲུང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་གཅོང་ནད་སུའོ་ཡི་སུའོ་ཀྲང་གཞོན་པ་མཱ་ཧྥུའུ་ཁྲང་གིས་བཤད་རྒྱུར།  ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས།  ང་ཚོས་འགོས་ནད་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་སོ་དམག་གི་འགན་འཁྲི་ལག་བསྟར་ཡག་པོ་བྱེད་དགོས་ལ། བདེ་ཐང་ཤེས་བྱ་དྲིལ་སྒྲོག་ཡག་པོ་བྱས་ཏེ།  སྡེ་ཁུལ་མང་ཚོགས་ཀྱི་བདེ་ཐང་དོ་དམ་གྱི་མཛུབ་ཁྲིད་པ་ཡག་པོ་བྱེད་པ་དང་།   གཞི་རིམ་གྱི་མཛུབ་ཁྲིད་ཁྲོད་སྨན་བཅོས་དང་སྔོན་འགོག་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་སྟེ། བསམ་སྦྱོར་གཉིས་ཀྱིས་མང་ཚོགས་ཀྱི་བདེ་ཐང་གི“འགོག་སྲུང་དང་པོ”ལེགས་པར་བསྲུང་དགོས་ཟེར།

ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་ལ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་འགག་སྒྲོལ་ལོ་ཡང་ཡིན།  ཚང་མས་གཅིག་གྱུར་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་མི་དམངས་ཀྱི་བདེ་ཐང་སྲུང་བའི་འགུལ་སྐྱོད་དུ་བསྒྱུར་དགོས་ལ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་དེ།   བདེ་ཐང་མཚོ་སྔོན་འཛུགས་སྐྲུན་གྱི་གྲུབ་འབྲས་སྔར་བས་མང་བ་དང་སྔར་བས་དྲང་གཞག་གི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཕན་པར་བྱེད་དགོས། 

མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཅན་ཝུའུ་ཡིས་བཤད་རྒྱུར། རིག་ཚན་གྱི་བཀོད་པ་རྒྱུན་ཆད་མེད་པར་ཇེ་ལེགས་དང་།   ཀྲུང་ཕྱི་ལུགས་གསོ་རིག་མཉམ་འབྲེལ་སྒོས“སྔོན་འགོག་དང་སྐྱོབ་བཅོས། བདེ་ཐང།   དོ་དམ”བཅས་གཞི་གཅིག་ཅན་དུ་འགྱུར་བའི་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས་ལ། རྒྱུན་རྣམ་ཅན་གྱིས་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཚན་རིག་ཁྱབ་གདལ་དང་སྦྱར་སྨན་ཕྱོགས་ཀྱི་ཁམས་གསོ།   འོས་འགན་སྨན་བཅོས་ཀྱི“སྐྱོད་པ་དྲུག”གི་བྱེད་སྒོ་སྤེལ་ནས། གྲོང་གསེབ་དར་རྒྱས་གཏོང་བའི་ཁ་གཏད་རོགས་སྐྱོར་ལེགས་པར་སྒྲུབ་དགོས་ལ།  རྒྱལ་སྤྱིའི་འཕྲོད་བསྟེན་རོགས་ལས་ཟབ་སྤེལ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཕྱི་རྒྱལ་གྱི་ཞིབ་འཇུག་ཟབ་སྦྱོང་སློབ་མར་ཁྲིད་སྟོན། ཀྲུང་ལུགས་གསོ་རིག་གི་ལེགས་ཆ་བརྒྱུད་སྤེལ་བཅས་བྱས་ཏེ། ཀྲུང་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མཐོ་སྒང་གི་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་སྲུང་དགོས་ཟེར།

མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཐེན་ཧྲིན་ཧུའེ་ཡིས་བཤད་རྒྱུར། གཞུང་བཙུགས་སྨན་ཁང་གི་སྤྱི་ཕན་རང་བཞིན་བརྟན་སྲུང་དང་མཐོ་སྒང་གི་མ་བུ་བདེ་ཐང་གི་དགོས་མཁོར་དམ་པོར་དམིགས་པ།  སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་ཆེད་ཚན་ཚན་ཁག་སྟོབས་ཆེར་གཏོང་བ། ནད་གཞི་ཚབས་ཆེན་གྱི་སྐྱོབ་བཅོས་ནུས་པ་མཐོ་རུ་གཏོང་བ། སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།  མཐོ་སྒང་གི་བུད་མེད་དང་བྱིས་པའི་བདེ་ཐང་སྲུང་བའི་ལྕགས་རི་ཇེ་བརྟན་དུ་གཏོང་དགོས་ཟེར།