ལི་ཆང་གིས་ཐ་ཇིག་སི་ཐན་གྱི་ཙུང་ལི་དང་གྲོས་མོལ་མཛད། 
ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས།

ས་དེའི་ཟླ10པའི་ཚེས18ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཏུའུ་ཧྲང་པེ་རུ་ཐ་ཇིག་སི་ཐན་གྱི་ཙུང་ལི་ལཱ་སུའུ་ཨར་ཙུའོ་ཏ་དང་གྲོས་མོལ་མཛད། 

ལི་ཆང་གིས་བསྟན་དོན།  ཀྲུང་གོ་མི་དམངས་དང་ཐ་ཇིག་སི་ཐན་མི་དམངས་བར་སྔར་ནས་བཟུང་ཕན་ཚུན་མཛའ་མཐུན་གྱི་བརྩེ་བ་བཅངས་ཡོད། ལོ་འདི་འགར།  ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ལ་ཧི་མེང་རྣམ་གཉིས་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག  ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད།  སང་ལོར་ཀྲུང་གོ་དང་ཐ་ཇིག་སི་ཐན་བར་ཕྱི་འབྲེལ་བཙུགས་ནས་ལོ35འཁོར་བའི་ལོ་རེད།  ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོ་དང་ཐ་ཇིག་སི་ཐན་བར་གྱི་ཕྱོགས་ཡོངས་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཟབ་མོ་བྱེད་པ་དང་། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ།  ཉོ་ཚོང་དངུལ་གཏོང་དང་ལྗང་མདོག་གཏེར་ཐོན། མཉམ་སྦྲེལ་མཉམ་མཐུད། ནུས་ཁུངས་གཙང་མ།  མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས།  གཉིས་ཕན་མཉམ་རྒྱལ་སྔར་ལས་ལེགས་པར་མངོན་འགྱུར་བྱ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐ་ཇིག་སི་ཐན་ཕྱོགས་ཀྱི་སྤུས་ལེགས་ཚོང་ཟོག་ནང་འདྲེན་བྱས་ཏེ།  ཀྲུང་གོའི་ཁེ་ལས་ཀྱིས་ཐ་ཇིག་སི་ཐན་ལ་ཡོང་ནས་དངུལ་གཏོང་ལས་དར་བྱེད་པར་སྐུལ་མ་གཏོང་འདོད་ཡོད་ལ། ཐ་ཇིག་སི་ཐན་ཕྱོགས་ཀྱིས་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱ་རྒྱུའི་རེ་བ་ཡོད།   ཕྱོགས་གཉིས་ཀྱིས་མི་ཚུལ་རིག་གནས་སྤེལ་རེས་རྒྱ་ཆེར་བཏང་ནས་། ཁྲིམས་བསྟར་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་བཅངས་ཡོད། 

དེང་སྐབས་རྒྱལ་སྤྱིའི་གནས་བབ་རྒྱུན་ཆད་མེད་པར་རྙོག་འཛིང་འགྱུར་ལྡོག་ཆེ་ལ། ཀྲུང་ཐ་གཉིས་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་གལ་ཆེན་ཡིན་པས། མཐུན་སྒྲིལ་རོགས་ལས་སྔར་ལས་དམ་ཟབ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཡ་གླིང་དབུས་མའི་རྐྱེན་སྲོལ། འཛམ་གླིང་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱས་ནས། སྔར་ལས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

ལཱ་སུའུ་ཨར་ཙུའོ་ཏ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་སྣེ་ཁྲིད་འོག  ཐ་ཀྲུང་གཉིས་ཀྱི་མིག་སྔའི་འབྲེལ་བ་ལོ་རྒྱུས་ཀྱི་ཆུ་ཚད་ཡག་ཤོས་སུ་གནས་ཡོད། ཐ་ཕྱོགས་ཀྱིས་ཐ་ཀྲུང་གཉིས་ཀྱི་ཕྱོགས་ཡོངས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་ནས། སྤུས་ཚད་མཐོ་བའི་སྒོ་ནས"རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་ཚུལ་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ཏེ། ཐ་ཀྲུང་གཉིས་ཀྱི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་འཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།

གྲོས་མོལ་གྱི་རྗེས་སུ། ཕྱོགས་གཉིས་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སློབ་གསོ། རུལ་སུངས་ལ་ངོ་རྒོལ། ཚད་ལྡན་ཅན་གྱི་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཡིག་ཆ་སྣ་མང་ལ་མིང་རྟགས་བཀོད་པར་བདེན་དཔང་བྱས།

ཉིན་དེའི་ཕྱི་དྲོར། ལི་ཆང་གིས་ཐ་ཇིག་སི་ཐན་གྱི་མི་རིགས་འདུམ་འགྲིག་དང་བསྐྱར་དར་རྗེས་དྲན་རྡོ་རིང་ལ་མེ་ཏོག་ཕུལ།