ཟླ10པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་བྱ་བའི་ཚོགས་འདུ་ཐེངས་བཅོ་ལྔ་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་ཀྲ་ཆིན་ཅུག་གིས་བྱ་བའི་སྙན་ཞུ་ཕུལ།
ལིའུ་ཆི་ཧྥན་གྱིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་མཚོ་སྔོན་ལ་མདུན་ལམ་ཆེན་པོ་ཡོད་པ་དང་། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་དེ་བས་ཆེན་པོ་འཇོག་པའི་དུས་སྐབས་གལ་ཆེན་ཞིག་ཡིན་ལ། བཅའ་ཁྲིམས་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། ཞིབ་དཔྱོད་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་རེད། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པོ་རྒྱུན་འཁྱོངས་དང་། གཞུང་ལུགས་ཀྱི་ཤེས་བྱར་ཤུགས་སྣོན། ཏང་གི་འགོ་ཁྲིད་གཙང་བཙན་དོན་འཁྱོལ། སྤུས་ཚད་མཐོ་བའི་ངང་ནས་གྱོད་གཞི་ཞིབ་གཅོད་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་མངོན་དགོས། ཏང་གི་འགོ་ཁྲིད་དེ་ཞིབ་དཔྱོད་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཡོངས་ལ་ཁྱབ་པར་བྱ་དགོས། སྤྱི་ཡོངས་གི་ཞབས་ཞུ་རྒྱུན་འཁྱོངས་དང་། བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་མཐོ་ས་བསྲུངས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་དགོས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་འགན་ལེན་ལ་ཤུགས་སྣོན། དམིགས་བསལ་ཚོགས་སྤྱིའི་ཁེ་དབང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ཞིབ་དཔྱོད་དམངས་ཀྱི་ཆེད་དུ་ཡིན་པ་སྔར་ལས་ཚོར་ཐུབ་པ་དང་ཡིད་རྟོན་རུང་བར་བྱེད་དགོས། ཞིབ་དཔྱོད་ཁྱོན་ཡོངས་ནས་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ལ་དོ་དམ་དང་ཞིབ་དཔྱོད་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། དཔུང་ཁག་གི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་བ། དངོས་སྒྲུབ་འགན་ཁུར་གྱི་ཁྲིད་ཕྱོགས་ཆགས་ཏེ། འགན་འཁྲི་ལྕི་མོ་འཁུར་ཐུབ་པ་དང་། ལས་སྒོར་བྱང་བ། བློ་དཀར་ཡིད་རྟོན་རུང་བ། སྤྱོད་གཙང་དྲང་གཞག་བཅས་ཀྱི་དུས་རབས་གསར་པའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྲུན་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཞིབ་དཔྱོད་བྱ་བར་ཚད་མཐོའི་མཐོང་ཆེན་དང་། རང་འགུལ་གྱིས་ཞིབ་དཔྱོད་ལས་ཁུངས་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཐུགས་ཁུར་དང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ། ཞིབ་དཔྱོད་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་དང་ཁོར་ཡུག་ལེགས་པོ་བསྐྲུན་དགོས།