
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ས་དེའི་ཟླ10པའི་ཚེས་20ཉིན་འདི་རུ་འཚོགས་བཞིན་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་སྲིད་གཞུང་གཙོ་འཛིན(ཙུང་ལི)ཡི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པར་ཞུགས།
ལི་ཆང་གིས་བསྟན་དོན། ད་ལོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ25འཁོར་བའི་ལོ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པིས་ཧྲི་ཁའེ་ཁི་རྩེ་ཚོགས་སྟེང་བསྟན་དོན། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བའི་ལམ་མདོ་རུ་ལངས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཏེ། ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་རང་འགུལ་ངང་སྣེ་ཁྲིད་བྱས། འདིར་ང་ཚོས་མཐོང་རྒྱ་དང་འདུ་ཤེས། བསམ་གཞིགས་སོགས་ཀྱི་ངོས་ནས་ངོས་འཛིན་གཅིག་མཐུན་སྔར་ལས་ལེགས་པའི་སྒོ་ནས་གཅིག་སྡུད་བྱ་དགོས་ལ། འཕེལ་ཕྱོགས་ཆེན་པོ་གསལ་རྟོགས་བྱེད་པའི་མིག་རྒྱང་དང་གནམ་འོག་སེམས་ལ་བཅངས་པའི་བློ་རྒྱ། ཕུགས་ལ་གཞོལ་བའི་སྙིང་རུས་བཅས་ཡོད་དགོས་ཤིང་། འཁོར་སྐྱོད་དང་བཀོལ་སྤྱོད་སོགས་ཀྱི་ངོས་ནས་འགུལ་སྐྱོད་སྔར་ལས་ལེགས་པོ་སྤེལ་ཏེ། རྩ་འཛུགས་ཀྱི་འཁོར་སྐྱོད་ཕན་ནུས་ཆེ་རུ་གཏོང་བ་དང་མཉམ་ལས་ལས་གཞི་ཏན་ཏིག་ངང་སྟོབས་ཆེར་སྒྲུབ་པ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱ་དགོས་པ་མ་ཟད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྤུས་ཚད་སྔར་ལས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་འགོ་ཆེན་པོ་བཞི་ལག་བསྟར་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་དགོས།
ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་དང་འཛམ་གླིང་བཅོས་སྐྱོང་བཅོས་སྒྱུར་དང་འཐུས་ཚང་དུ་གཏོང་བའི་འབོད་སྐད་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་གྲོགས་པོ་སྔར་ལས་མང་པོར་མཐུན་སྒྲིལ་བྱས་ཏེ། འཛམ་གླིང་གི་ངོས་ཐད་ནས་ཧུར་ཐག་སྒོས་བྱས་རྗེས་འཇོག་པར། ཧ་ཅང་གལ་ཆེ་བ་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཐུན་པ་གཅིག་སྡུད་དང་མི་མཐུན་པ་སེལ་རྒྱུར་མཐོང་ཆེན་བྱ་རྒྱུ་དེ་རེད། བར་ཁྱད་ཁྲོད་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་བསྣན་ནས། བརྟན་བརླིང་དང་མཉེན་ཆ་ལྡན་པའི་རྒྱལ་སྤྱིའི་སྐྱེལ་འདྲེན་བགྲོད་ལམ་མ་ལག་བསྐྲུན་ཏེ། འཛམ་གླིང་གི་ཐོན་ལས་མུ་ཕྲེང་དང་མཁོ་སྤྲོད་མུ་ཕྲེང་བརྟན་བརླིང་ངང་ཤར་གཏོང་ཐུབ་པར་སྲུང་སྐྱོང་བྱ་དགོས། རེ་འདུན་མི་འདྲ་བའི་ཁྲོད་ཐུན་མོང་གི་ཁེ་ཕན་འཚོལ་བ་དང་། ལག་གདང་སྦྲེལ་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རིག་གནས་ཀྱི་བར་ཁྱད་ཁྲོད་མཐུན་འགྲོགས་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས།
ཚོགས་ཞུགས་ཕྱོགས་སོ་སོས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ25འགོར་བའི་རིང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཏེ་རྒྱལ་སྤྱིའི་ཤུགས་རྐྱེན་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད། ཕྱོགས་སོ་སོས་ཐེན་ཅིན་རྩེ་ཚོགས་དང་པིས་ཧྲི་ཁའེ་ཁི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། “ཧྲང་ཧའེ་ཡི་སྙིང་སྟོབས”སྔར་ལས་དར་སྤེལ་དང་། འབྲེལ་འདྲིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།
ལི་ཆང་གིས་ཁོངས་ཞུགས་རྒྱལ་ཁབ་ཀྱི་ཚོགས་ཞུགས་འགོ་ཁྲིད་མི་སྣ་དང་མཚན་རྟགས་བཀོད་པ་མ་ཟད་མཉམ་འབྲེལ་སྤྱི་བསྒྲགས་སྤེལ་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཡིག་ཆ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་སྐྲུན་གྱི་འབྲེལ་ཡོད་གྲོས་ཆོད་ལ་ཆོག་མཆན་བཀོད།