
རྒྱལ་ཁབ་གཞི་གྲངས་སྡེ་ཚོགས་ཚད་ཡོད་ཀུང་སི་བཙུགས་པའི་ཚོགས་ཆེན་དེ་ཚེས20ཉིན་ཧི་པེ་ཞུང་ཨན་ཁུལ་གསར་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་ཀུང་སིའི་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།
ཏིང་ཞུའེ་ཞང་གིས་བསྟན་དོན། རྒྱལ་ཁབ་གཞི་གྲངས་སྡེ་ཚོགས་ཚད་ཡོད་ཀུང་སི་བཙུགས་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་གོ་སྐབས་སྔོན་ལ་སྟངས་འཛིན་གང་ལེགས་བྱེད་པ་དང་། གྲངས་འཛིན་ཀྲུང་གོ་མགྱོགས་མྱུར་གྱིས་འཛུགས་སྐྲུན། རྒྱལ་ཁབ་ཀྱི་འགྲན་རྩོད་དགེ་མཚན་གསར་པ་བསྐྲུན་པ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་ལྟར། ཀུང་སི་འཛུགས་པའི་གཉེར་སྐྱོང་ལས་སྒྲུབ་ཏན་ཏིག་གིས་ལེགས་པར་བསྒྲུབས་ནས། འཛམ་གླིང་གི་རྩེ་གྲའི་གཞི་གྲངས་ཚན་རྩལ་ཁེ་ལས་ཧུར་ཐག་གིས་བསྐྲུན་དགོས།
ཏིང་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱི་གཞི་གྲངས་སྡེ་ཚོགས་ཀྱིས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་དང་། གཞི་གྲངས་ཀྱི་བདག་རྐྱེན་ཞབས་ཞུ་ཇེ་ཟབ་ཏུ་གཏོང་བ། གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སྒོས་འཛུགས་པ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ལ་ཤུགས་སྣོན་བྱས་ཏེ། གཞི་གྲངས་ཁྱབ་ཁོངས་སུ་འཐབ་ཇུས་རང་བཞིན་དང་། སྣེ་ཁྲིད་རང་བཞིན། འདེགས་སྐྱོར་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཀུང་སིའི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས་གཉེར་སྐྱོང་དོ་དམ་སྒྲིག་སྲོལ་དང་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་གཏོང་དགོས། ཏང་གིས་འགོ་ཁྲིད་བྱེད་པ་དེ་ཁེ་ལས་སྒྲིག་འཛུགས་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཚང་མར་ཁྱབ་པར་བྱས་ནས་ཏང་འཛུགས་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། འབྲེལ་ཡོད་ས་གནས་ཀྱིས་བདག་རྐྱེན་འགན་སྲུང་ལེགས་པར་བསྒྲུབ་དགོས་ལ། འབྲེལ་ཡོད་ཁེ་ལས་ཀྱིས་མཉམ་ལས་མཉམ་སྒྲུབ་བྱས་ཏེ། གཞི་གྲངས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྒྲིལ་ཤུགས་གྲུབ་པར་བྱེད་དགོས།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས། འབྲེལ་ཡོད་ཁེ་ལས་དང་། ཚན་རིག་ཞིབ་འཇུག་གླིང་གི་འགན་ཁུར་བློ་མཐུན་སོགས་ཚོགས་ཆེན་ལ་ཞུགས།
ཏིང་ཞུའེ་ཞང་ད་དུང་ཀྲུང་གོ་འཁོར་སྐར་དྲ་རྒྱ་སྡེ་ཚོགས་ཚད་ཡོད་ཀུང་སི་དང་། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ཞུང་ཨན་སློབ་ཁུལ། པེ་ཅིང་སློབ་ཆེན་མི་དམངས་སྨན་ཁང་ཞུང་ཨན་གླིང་ཁུལ། ཞུང་ཨན་ཁུལ་གསར་ཀྲུང་གོན་སྡེ་བའི་ཚན་རྩལ་གླིང་བཅས་སུ་རྟོག་ཞིབ་ལ་ཕེབས། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཁུལ་གསར་གྱི་བྱེད་ནུས་ངེས་གནས་ལ་སྟངས་འཛིན་དམ་པོ་བྱེད་པ་དང་། པེ་ཅིང་གི་རྒྱལ་སའི་བྱེད་ནུས་མ་ཡིན་པའི་ཁ་འགྲེམ་དང་སྦྲེལ་མཐུད་ལ་སྔར་ལས་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། སྲིད་ཇུས་ཀྱི་འགན་སྲུང་དང་ཞབས་ཞུར་ཤུགས་བསྣན་ནས་ཞུང་ཨན་ཁུལ་གསར་གྱི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་དང་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།