ལི་ཆང་ཧྲིན་པིས་ཏི་པའོ་རུ་ཕེབས་ནས་ཀྲུང་ཨུ་ཙུང་ལིའི་དུས་བཅད་ཞལ་འཛོམས་གྲོས་མོལ་ཐེངས་སོ་གཅིག་པ་མཛད།
ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཀློག་གྲངས།

ས་དེའི་ཟླ10པའི་ཚེས20ཉིན་གྱི་དགོང་མོར། ཨུ་རུ་སུའི་ཙུང་ལི་མུས་ཧྲུའུ་སི་ཅིན་གྱིས་གདན་ཞུ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཆེད་བཏང་གནམ་གྲུར་བཞུགས་ཏེ་ཧྲིན་པིས་ཏི་པའོ་ཡི་ཕུའུ་ཨར་ཁི་ཝོ་གནམ་གྲུ་ཐང་དུ་འབྱོར་ནས། ཀྲུང་ཨུ་ཙུང་ལིའི་དུས་བཅད་ཞལ་འཛོམས་གྲོས་མོལ་ཐེངས་སོ་གཅིག་པ་མཛད།

ཨུ་རུ་སུའི་ཙུང་ལི་གཞོན་པ་ཆེ་འར་ནེ་ཧྲིན་ཁི་དང་ཨུ་རུ་སུར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧན་ཧུའེ་སོགས་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་འབྲེལ་བ་སྔར་ལས་འཐུས་ཚང་དང་བློ་བརྟན་འགྱུར་མེད་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་ལོར་ཞལ་འཛོམས་གྲོས་མོལ་ཐེངས་གཉིས་གནང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་འཆར་གཞི་གསར་པ་བཀོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གཡུར་དུ་ཟ་བའི་འབྲས་བུ་གསར་པ་འཐོབ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད་ལ། འཛམ་གླིང་ཞི་བདེའི་འཕེལ་རྒྱས་ལ་རྩ་ཆེའི་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་ཡང་སྩོལ་འདོད་ཡོད།

ལི་ཆང་ནི་ཐ་ཇིག་སི་ཐན་ལ་དངོས་གཞིའི་འཚམས་འདྲི་མཇུག་སྒྲིལ་བ་མ་ཟད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་སྲིད་གཞུང་གི་གཙོ་འཛིན(ཙུང་ལི)ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་ལྔ་པར་ཞུགས་རྗེས་ཧྲིན་པིས་ཏི་པའོ་རུ་འབྱོར། ཏུའུ་ཧྲང་པེ་དང་ཁ་འབྲལ་སྐབས། ཐ་ཇིག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ཧོ་ལི་ཁེ་ཙུའོ་ཏ་དང་ཐ་ཇིག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀུའོ་ཀྲི་ཅོན་སོགས་གནམ་གྲུ་ཐང་དུ་ཡོང་ནས་སྐྱེལ་མ་བྱས།

​