
ས་དེའི་ཟླ10པའི་ཚེས21ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཧྲིན་པིས་ཏི་པའོ་རུ་ཨུ་རུ་སུའི་ཙུང་ལི་མུས་ཧྲུའུ་སི་ཅིན་དང་མཉམ་དུ་ཀྲུང་ཨུ་ཙུང་ལིའི་དུས་བཅད་ཞལ་འཛོམས་གྲོས་མོལ་ཐེངས་སོ་གཅིག་པར་འགོ་འཛིན་མཛད།
ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། རྙོག་འཛིང་ཆེ་ལ་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་ཨུ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ། ལག་གདང་དཔུང་སྦྲེལ་དང་མཐུན་སྒྲིལ་མདུན་སྐྱོད་བྱས་པས། མཉམ་ལས་ཀྱི་ལམ་བུ་ཅི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་ཕྱིན་པ་དང་། གོམ་སྟབས་དེ་བས་ཇེ་བརྟན་དུ་གྱུར་ཡོད། དེང་སྐབས་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་། འཕེལ་རྒྱས་དེ་བས་མགྱོགས་པའི་དུས་མཚམས་གསར་པར་སླེབས་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དེ་བྱ་སྤྱོད་དངོས་དང་ཞིབ་ཕྲའི་ཕན་འབྲས་སུ་ལེགས་སྒྱུར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་དར་རྒྱས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་དེ་བས་མང་པོ་བསྐྲུན་འདོད་ཡོད།མུས་ཧྲུའུ་སི་ཅིན་གྱིས་བསྟན་དོན། དེང་སྐབས། ཨུ་རུ་སུ་དང་ཀྲུང་གོའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་གནས་པ་དང་། རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་བཙུགས་ཡོད། རྒྱལ་སྤྱིའི་གནས་བབ་ཀྱི་ངེས་གཏན་མེད་པའི་རང་བཞིན་གྱི་མདུན་དུ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འཕེལ་ཕྱོགས་བཟང་པོ་ཡོད། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་རྒྱལ་དང་། ཕན་ཚུན་བརྩི་འཇོག ཁྱིམ་མཚེས་མཛའ་མཐུན་བཅས་ཀྱི་རྨང་གཞིའི་ཐོག ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་སྔར་ལས་ལྷག་པར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད།
ལི་ཆང་དང་མུས་ཧྲུའུ་སི་ཅིན་གྱིས་ཕྱོགས་གཉིས་ཀྱི་འཐུས་མིའི་ལས་དོན་སྙན་ཞུར་གསན་པ་དང་འབྲེལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད། ཕྱོགས་གཉིས་ཀྱི་གཅིག་མཐུན་གྱིས་བལྟས་ན། གཙོ་འཛིན་གྱིས་ཕྱོགས་སྟོན་སྣེ་ཁྲིད་ནི་ཀྲུང་ཨུ་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་འགན་སྲུང་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་རྩ་བའི་གཞི་འཛིན་ས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དངུལ་གཏོང་དང་། ནུས་ཁུངས་ཐོན་ཁུངས། མཉམ་སྦྲེལ་མཉམ་མཐུད་སོགས་ཀྱི་ཁྱབ་ཁོངས་གཙོ་བོའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། མིས་བཟོས་རིག་ནུས་སོགས་མདུན་གྲལ་ཁྱབ་ཁོངས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། ཐུན་མོང་ཐོག"ཀྲུང་ཨུའི་སློབ་གསོའི་ལོ"ཡག་པོ་གཉེར་བ་དང་། མི་ཚུལ་རིག་གནས་སྤེལ་རེས་ཆེ་རུ་གཏོང་བ། ས་གནས་མཉམ་ལས་ཀྱི་གསོན་ཤུགས་སྐུལ་སློང་། ཕྱོགས་མང་མཉམ་ལས་དམ་ཟབ་བཅས་བྱས་ཏེ། དངོས་དོན་གཉེར་བའི་གྲུབ་འབྲས་སྔར་ལས་མང་པོ་འཐོབ་པར་སྐུལ་འདེད་གཏོང་དགོས་པར་འདོད།
ཞལ་འཛོམས་གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་ཙུང་ལིས་དུས་བཅད་ཞལ་འཛོམས་གྲོས་མོལ་ཐེངས་སོ་གཅིག་པའི་མཉམ་འབྲེལ་སྤྱི་བསྒྲགས་ལ་མཚན་རྟགས་བཀོད། ཕྱོགས་གཉིས་བར་ད་དུང་དཔལ་འབྱོར་ཉོ་ཚོང་དང་། མཁའ་སྐྱོད། ཚན་རྩལ། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཞག་པ་རེད།
ཝུའུ་ཀྲིན་ལུང་གོང་གསལ་བྱེད་སྒོར་ཞུགས།