

ཟླ10པའི་ཚེས22ཉིན། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས།

ཟླ10པའི་ཚེས22ཉིན། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་འདུར་ཞུགས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་བཅས་ཚོགས་འདུར་ཞུགས།
མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་རབ་ཏུ་འཁོལ།

ཟླ10པའི་ཚེས22ཉིན། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་རྗེས་དྲན་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། 1934ལོའི་ཟླ10པ་ནས1936ལོའི་ཟླ10པའི་བར། ང་ཚོའི་ཏང་གིས་དམར་དམག་གི་དམག་སྡེ་དང་པོ་དང་གཉིས་པ། བཞི་པ། དམག་དཔུང་ཉེར་ལྔ་པ་བཅས་ཀྱི་སྣེ་ཁྲིད་དེ། འཛམ་གླིང་ལ་གཡོ་འགུལ་ཐེབས་ཤིང་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་རྒྱང་སྐྱོད་རླབས་པོ་ཆེན་བྱས། དམར་དམག་གིས་ཞིང་ཆེན་བཅུ་ལྷག་དང་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་སར་རྒྱང་སྐྱོད་བྱས་ཏེ། དགྲ་དམག་ས་ཡ་གཅིག་ལྷག་གི་བསྐོར་བཅོམ་སོགས་རྡུལ་དུ་བརླགས་ནས། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་རྩ་མེད་དུ་གཏོང་རྒྱུའི་ལྐོག་ཇུས་རྩ་བ་ནས་ཕམ་པ་ཁྱབ་བསྒྲགས་བྱས་ཤིང་། བྱང་བསྐྱོད་འཇར་འགོག་གི་འཐབ་ཇུས་སྤོ་སྒྱུར་རྒྱལ་ཁའི་ངང་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་པ་རྒྱལ་ཁའི་ངང་བཏོད། གནམ་ས་གཡོ་འགུལ་ཐེབས་པའི་གསར་བརྗེའི་འགུལ་སྐྱོད་རླབས་པོ་ཆེ་འདི། ང་ཚོའི་ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལོ་རྒྱུས་སྟེང་རླབས་ཆེན་གྱི་དོན་སྙིང་ལྡན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཕེལ་རིམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད། རི་ཀླུང་སྒུལ་བའི་དཔའ་བོའི་ལོ་རྒྱུས་ཀྱི་སྙན་ཚིག་འདི་དུས་ནམ་ཡང་ཀྲུང་གོའི་གསར་བརྗེའི་མཛད་རྗེས་རྡོ་རིང་སྟེང་བརྐོས་ཏེ། མི་དམངས་དུང་ཕྱུར་མང་པོའི་སེམས་སུ་ནང་ནམ་ཡང་བརྗེད་མི་སྲིད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ལ་བསྐྱར་དྲན་བྱེད་པ་ནི་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱ་ཆེད་ཡིན། ལོ་ངོ་90རྗེས་ཀྱི་དེ་རིང་། ཡང་བསྐྱར་དཀའ་སྡུག་གི་ལོ་ཟླ་དེར་ཕྱིར་དྲན་བྱས་ཚེ། ང་ཚོས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་པ་དང་། དེའི་ནང་ཏང་དང་མི་དམངས་དམག་དཔུང་གིས་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱས་པའི་རྒྱལ་ཁའི་ཐབས་མཆོག་ཅིག་ཡོད་པ་ལྷག་ཏུ་ཚོར་ཐུབ།
རྒྱལ་ཁ་ཐོབ་པའི་རླབས་ཆེན་གྱི་ལམ་བུ་འདི་ནི་ཏང་གི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་ནས་བཏོད་པ་ཡིན། ཏང་གི་ཡང་དག་པའི་འགོ་ཁྲིད་དང་བློ་མཐུན་མའོ་ཙེ་ཏུང་སྲོག་ཤིང་དུ་འཛིན་རྒྱུར་གཏན་འཁེལ་བྱས་པ་དེས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན། རྒྱལ་ཁ་ཐོབ་པའི་རླབས་ཆེན་གྱི་ལམ་བུ་འདི་ནི་གསར་བརྗེའི་བློ་རྩ་བརྟན་པོ་ལ་བརྟེན་ནས་བཏོད་པ་ཡིན། གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དད་སེམས་ཀྱིས་དགྲ་བོ་ངན་རེངས་ཅན་ལས་རྣམ་པར་རྒྱལ་བ་དང་རི་བོ་གཡོ་འགུལ་བྱེད་པའི་སྟོབས་ཤུགས་འཛད་མཐའ་མེད་པ་འདོན་ཐུབ་པས། བླ་ན་མེད་པའི་ཕུགས་བསམ་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལྡན་པའི་དཔུང་སྡེ་ནི་ཕམ་པར་གཏོང་མི་ཐུབ། རྒྱལ་ཁ་ཐོབ་པའི་རླབས་ཆེན་གྱི་ལམ་བུ་འདི་ནི་རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་བཏོད་པ་ཡིན། མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ན་ད་གཟོད་ཀྲུང་གོའི་གནད་དོན་ཐག་གཅོད་ཐུབ་པ་དང་། ད་གཟོད་སྐྱེ་སྟོབས་ཆེན་པོ་མངོན་ཐུབ། རྒྱལ་ཁ་ཐོབ་པའི་རླབས་ཆེན་གྱི་ལམ་བུ་འདི་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བཏོད་པ་ཡིན། མི་དམངས་མང་ཚོགས་ནི་ནམ་ཡང་ཏང་དང་མི་དམངས་དམག་དཔུང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པས། ང་ཚོས་མི་དམངས་ཁྲོད་རྩ་བ་གཏིང་ཟབ་ཚུགས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་གི་འབྲེལ་བ་རྒྱུན་འཁྱོངས་བྱས་ན། ཏང་གི་བྱ་གཞག་ལ་མི་འགྲུབ་བྱ་བ་ཅི་ཡང་མེད།
ཞི་ཅིན་ཕིང་གིས་བསྟན་དོན། དམར་དམག་གི་རྒྱང་སྐྱོད་ཀྱིས་ཁྱད་དུ་འཕགས་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན་པ་དང་། རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་བསྐྲུན་ཡོད། སྙིང་སྟོབས་ཡོད་ས་ནི་སྟོབས་ཤུགས་སྐྱེ་ས་ཡིན། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་ཀྱིས་བློ་དཀར་གྱི་སྟོབས་ཤུགས་དང་། བདེན་དོན་གྱི་སྟོབས་ཤུགས། དྲང་བདེན་གྱི་སྟོབས་ཤུགས། མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་གང་ལེགས་མཚོན་པ་དང་། དེ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་བྱས་ཏེ། ཡུལ་དུས་ཀྱི་བར་བཅད་ལས་བརྒལ་ཞིང་། དུས་དང་བསྟུན་ནས་གསར་དུ་གསོན་ཤུགས་རྒྱས་ཏེ། ནམ་ཡང་ང་ཚོར་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་རྒྱུ་ནོར་རྩ་ཆེན་དང་སྒུལ་ཤུགས་ཆེན་པོ་རེད་ཅེས་བསྟན།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱང་སྐྱོད་ཀྱི་ལོ་རྒྱུས་ནི་རྒྱང་རིང་དུ་ཡལ་མྱོང་མེད། རྒྱང་སྐྱོད་ཀྱི་ལམ་བུ་ད་རུང་མདུན་སྣེར་སྲིང་བཞིན་ཡོད། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ90སོང་ཚུན་དུ། ཏང་གིས་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་དེ། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་སོགས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་རླབས་ཆེན་གྱི་རྒྱང་སྐྱོད་ཡང་ཡང་བརྒྱུད་ཅིང་། རླབས་ཆེན་གྱི་རྒྱལ་ཁ་ཡང་ཡང་བླངས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་འབད་བརྩོན་ལ་བརྟེན་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པའི་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་ད་ལྟ་དུས་བཅད་ལྟར་མངོན་འགྱུར་བྱུང་ཟིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་། ང་ཚོས་ད་ལྟ་འཐབ་ལམ་གསར་པའི་ལམ་ཁར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱེད་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད་ཅེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་བསྟན་དོན། འཐབ་ལམ་གསར་པ་ནི་གཟི་བརྗིད་ཀྱིས་ཁེངས་བའི་ཕུགས་འདུན་སྙེག་པའི་རྒྱང་བཞུད་དང་། ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་ཡིན། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པར་མཚོན་ན། ངེས་པར་དུ་ཏང་གི་ཕུགས་བསམ་དད་སེམས་དང་དམིགས་ཡུལ་བརྟན་སྲུང་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཐོག་མའི་དམ་བཅའ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེན་གསར་པ་སྐྲུན་དགོས། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཉིན་རེ་བཞིན་འཕར་བཞིན་ཡོད་པའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། དཔལ་འབྱོར་ཐད་སྤུས་ཚད་ཇེ་མཐོར་འགྱུར་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུར་འགྱུར་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་སྤེལ་ཕོད་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་སྔར་ལས་ཡག་པོ་བྱེད་པ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་ཉེན་ཁར་འཐབ་པ། འགྲན་སློང་གདོང་གཏད་བཅས་བྱས་ཏེ། ཀྲུང་ཧྭ་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོས་དཀའ་ངལ་སེལ་བ་དང་བརྟན་ཐོག་རྒྱང་སྐྱོད་ཐུབ་པར་འགན་སྲུང་བྱེད་དགོས། ངེས་པར་དུ་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྤུས་ཚད་མཐོན་པོའི་ངང་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་གི་འཛུགས་སྐྱོང་ཐད་ཤུགས་སྣོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གཙང་འགྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་འདེགས་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་བྱས་ཏེ། ཏང་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་དང་སྲོག་ཤིང་བརྟན་པོ་ཡིན་པར་འགན་སྲུང་བྱེད་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་མཇུག་མཐར་གསུང་རྒྱུར། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ན་ད་གཟོད་མ་འོངས་པ་གསར་གཏོད་བྱེད་ཐུབ།ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་དགོས། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྒྱུན་མཐུད་འབད་འཐབ་དང་འབད་འབུངས་མདུན་སྐྱོད། གསར་བརྗེའི་སྔོན་བྱོན་པ་རྣམས་ཀྱིས་གསར་དུ་བཏོད་པའི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་སྤེལ་གཏོང་བ་དང་། རྒྱང་སྐྱོད་གསར་པའི་ལམ་ཐོག་སྟོབས་ཤུགས་ཡོད་རྒུས་གཟི་བརྗིད་གསར་པ་སྐྲུན་དགོས།
ཀྲའོ་ལི་ཅིས་ཚོགས་ཆེན་ལ་གཙོ་འཛིན་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ང་ཚོའི་ཏང་གིས་དམར་དམག་ལ་འགོ་ཁྲིད་དེ་རྒྱང་སྐྱོད་བྱས་པའི་རླབས་ཆེན་གྱི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་མིག་བལྟས་པ་དང་། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་རླབས་ཆེན་གྱི་དོན་སྙིང་ལ་ཕྱོགས་སྡོམ་བྱས། རྒྱང་སྐྱོད་ཀྱི་རྒྱལ་ཁ་ལས་མངོན་པའི་ཏང་དང་མི་དམངས་དམག་དཔུང་གི་རྒྱལ་ཁ་ཐོབ་བྱེད་ཀྱི་ཐབས་མཆོག་གསལ་སྟོན་བྱས་པ་དང་། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་ཀྱི་ལོ་རྒྱུས་རིན་ཐང་རྒྱས་བཤད་བྱས་ཡོད་པར་མ་ཟད། རླབས་ཆེན་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ་དང་། རྒྱང་སྐྱོད་གསར་བར་ཡག་པོར་བསྐྱོད་པའི་ཐད་འཛོམས་དགོས་པའི་ངེས་པར་དུ་ལྔའི་བླང་བྱ་ཁ་གསལ་བཏོན།
གསུང་བཤད་ལ་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། སློབ་སྟོན་གྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས།སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་པ་དང་། ལག་ལེན་མཐར་ཕྱིན་དོན་འཁྱོལ་བྱེད་དགོས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།“འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ།“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་བཅས་བྱས་ནས།རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱང་སྐྱོད་ཀྱི་ལམ་གསར་པའི་སྟེང་ཡག་པོར་བསྐྱོད་དེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ།རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས།
ཀྲུང་དབྱང་གི་ཏང་སྲིད་དམག་ཚོགས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིན་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ།དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ།ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་རྒན་པའི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་མི།རྒྱལ་སའི་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་སོགས་མི3000ལྷག་ཚོགས་ཆེན་ལ་ཞུགས་ཡོད།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་སྤྱིའི་གླུ་གཞས་ཁྲོད་མཇུག་སྒྲིལ།