
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་བྱ་བ་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ་བསྟན་དོན། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བགྲང་བྱ་བརྒྱད་ཅུའི་རིང་རྨ་ཆུར་བཅོས་སྐྱོང་བྱས་ནས། ལོ་རྒྱུས་ཐོག་གི“ལོ་གསུམ་རིང་རགས་ཁ་ཐེངས་གཉིས་ལ་ཤོར་བའི”གནས་ཚུལ་རྩ་བ་ནས་བསྒྱུར་བཅོས་བྱས་པ་དང་། ལོ་རེ་བཞིན་དུས་བདེ་ཞོད་འཇགས་ཀྱི་བྱས་རྗེས་ངོ་མཚར་ཅན་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་དགེ་མཚན་གང་ལེགས་ཀྱིས་མངོན་པར་བྱས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྲུང་སྐྱོབ་དང་བཅོས་སྐྱོང་གཙོར་འཛིན་པའི་འཐབ་ཇུས་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། ཆུ་གྲོན་ཆུང་བྱེད་རྒྱུ་གཙོར་འཛིན་པ་དང་བར་སྟོང་དོ་མཉམ་ཡོང་བ། མ་ལག་བཅོས་སྐྱོང་། སྟོབས་ཤུགས་མཉམ་འདོན་བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྲུང་སྐྱོབ་ཆེན་པོ་དང་མཉམ་ལས་ཆེན་པོའི་རྣམ་པ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པ། རྨ་ཆུའི་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱེད་པ་དང་། རྨ་ཆུའི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ་བཅས་བྱས་ཏེ། མ་ཡུམ་གཙང་པོ་འདི་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བར་བྱས་ནས། ཀྲུང་ཧྭ་མི་རིགས་ལ་བདེ་སྐྱིད་བསྐྲུན་པ་དང་། བུ་རབས་ཚ་རྒྱུད་ལ་ཕན་འདོགས་དགོས།
རྨ་ཆུའི་སྲུང་སྐྱོབ་བཅོས་སྐྱོང་བྱ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཚོགས་འདུ་ཚེས2ཉིན་ཧི་ནན་ཀྲིན་ཀྲོའུ་རུ་བསྡུས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ལ། འཐབ་ལམ་གསར་པའི་སྟེང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བའི་ཐད་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད་པས། ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར། སྲུང་སྐྱོབ་ཆེན་པོ་མཉམ་དུ་འཛིན་པ་དང་། བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྨ་ཆུའི་ཡུན་སྐྱོང་བདེ་འགོད་ལ་འགན་སྲུང་བྱེད་པ། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་དྲ་བཟོ་སྐྲུན་གྱི་གཅིག་གྱུར་བཀོད་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ། ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པ། རྨ་ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས། རྒྱུན་ཆད་མེད་པར་རྨ་ཆུ་སྲུང་སྐྱོབ་བཅོས་སྐྱོང་བྱ་བའི་རྣམ་པ་གསར་པ་གཏོད་དགོས།
ཚོགས་ཐོག་ཏུ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བགྲང་བྱ་བརྒྱད་ཅུའི་རིང་རྨ་ཆུར་བཅོས་སྐྱོང་བྱས་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་། མཚོ་སྔོན་ཞིང་ཆེན་དང་། ཀན་སུའུ་ཞིང་ཆེན། ཧི་ནན་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཆུ་བེད་པུའུ་བཅས་ཀྱི་འགན་འཁུར་བློ་མཐུན་བཅས་ཀྱིས་ཚོགས་ཐོག་ཏུ་གཏམ་བཤད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།