ཚེས3ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཉམས་སད་ཡུན་རིང་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་པ། རང་རེའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་དང་། རང་རྒྱལ་གྱི་སློབ་གསོ་དང་ཚན་རྩལ། སྨན་བཅོས་འཕྲོད་བསྟེན། བུད་མེད་དང་བྱིས་པའི་བྱ་བའི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཀྲུའུ་ཞི་གཞོན་པ། རྒྱལ་སྲིད་ཨུ་ཡོན་ཟུར་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཟུར་པ་བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་པེ་ཅིང་གི་རི་བོ་པ་པའོ་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་གནང་།
བློ་མཐུན་ལིའུ་ཡན་ཏུང་སྙུན་གཞིའི་དབང་གིས2026ལོའི་ཟླ10པའི་ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པ་དང་སྐར་མ53ཐོག་པེ་ཅིང་དུ་སྐུ་གཤེགས་ལ། དགུང་ལོ81ཡིན།
བློ་མཐུན་ལིའུ་ཡན་ཏུང་ལ་སྙུན་གཞི་ལྕི་པོ་ཕོག་རིང་དང་སྐུ་གཤེགས་རྗེས། བློ་མཐུན་ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་འཚམས་འདྲིར་ཕེབས་པ་དང་། རྣམ་པ་གང་མང་བརྒྱུད་བློ་མཐུན་ལིའུ་ཡན་ཏུང་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་འབྲེལ་ཁོང་གི་གཉེན་ཉེར་འཚམས་འདྲི་ཞུས།
ཚེས3ཉིན་གྱི་སྔ་དྲོར། རི་བོ་པ་པའོ་གསར་བརྗེའི་སྤྱི་པའི་བང་སོའི་ཚོམས་ཆེན་བརྗིད་ཉམས་ལྡན་ལ། མྱ་ངན་ཞུ་བའི་རོལ་དབྱངས་དལ་གྱིས་གྲགས། ཚོམས་ཆེན་གྱི་མཐོ་སར་འཕྲེད་འགེལ་ནག་པོའི་སྟེང་ཡི་གེ་དཀར་པོ་སྟེ་བློ་མཐུན་ལིའུ་ཡན་ཏུང་ལ་མྱ་ངན་ཞུ་ཞེས་བཀལ་ཡོད་པ་དང་། འཕྲེད་འགེལ་སྦྱར་ཡིག་འོག་ཏུ་བློ་མཐུན་ལིའུ་ཡན་ཏུང་གི་གཤིན་པར་ཡོད། བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་མེ་ཏོག་དང་ཤུག་པ་སོས་མའི་གསེབ་ཏུ་བཞུགས་ཡོད་པ་དང་། སྐུ་ཕུང་ཐོག་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།
སྔ་དྲོའི་ཆུ་ཚོད9པ་དང་སྐར་མ30ཡོལ་ཙམ་ལ། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་མྱ་ངན་ཞུ་བའི་རོལ་དབྱངས་ཁྲོད་བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་མདུན་དུ་དལ་གྱིས་ཕེབས་ནས་གུས་སྟབས་ཀྱིས་ངག་བསྡམས་མྱ་ངན་ཞུས་ནས། བློ་མཐུན་ལིའུ་ཡན་ཏུང་གི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་མ་ཟད་བློ་མཐུན་ལིའུ་ཡན་ཏུང་གི་གཉེན་ཉེ་ལ་རེ་རེ་བཞིན་ཕྱག་འཇུ་གནང་ནས་འཚམས་འདྲི་ཞུས།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཡུལ་དངོས་སུ་ཕེབས་ནས་གྱེས་ཕྱག་ཕུལ་བའམ་ཡང་ན་རྣམ་པ་གང་མང་བརྒྱུད་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། བློ་མཐུན་ལིའུ་ཡན་ཏུང་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཡུལ་དངོས་སུ་ཕེབས་ནས་མྱ་ངན་ཞུས།