སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཚེས3ཉིན་གྱི་སྔ་དྲོར་པེ་ཅིན་དུ་ཚོགས་འགོ་བརྩམས་ཏེ། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་རྩོམ་མཛད་སྒོར་འགོ་འཛིན་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་གདན་ཞུ་ལྟར་འགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་།
ཝང་ཧུའུ་ཉིང་གིས་འགོ་འཛིན་གཏམ་བཤད་ཁྲོད་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་སྤྱིའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་ཟབ་སྤེལ་བྱས་པའི་སྐོར་གྱི་ལས་གཞི་རླབས་པོ་ཆེ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་ཀྱིས་བསྐྱངས་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དམ་འཛིན་ཡང་དག་བྱས་ཏེ། བསམ་སྦྱོར་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་ཚང་འཛོམས་གྲོས་ཚོགས་ཀྱི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་བྱ་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོབ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
ལི་ཞི་ཡིས་སྙན་ཞུའི་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐོག་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བྱའི་གནད་དོན་གཙིགས་སུ་བཟུང་ནས་ཞིབ་འཇུག་བྱས་པ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་སྟངས་འཛིན་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་ལ་དམིགས་པ། དུས་དཔགས་བབ་བསྟུན་དང་ཁྱོན་ཡོངས་ནས་བསམ་གཞིགས་བྱས་ནས་གཏན་ལ་ཕབ་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་ཆེན་གསར་པ་མུ་མཐུད་དུ་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་ལ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་སྤེལ་དང་ཏང་སྟོབས་ལྡན་གཏོང་བའི་རྣམ་པ་གསར་པ་སྔར་ལས་ལྷག་པར་བཏོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཚོན་ན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གྲུབ་འབྲས་རླབས་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་སྐྱོང་དགོངས་པའི་སྙིང་པོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་འཕྲད་པའི་གནས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ཁོང་དུ་ཆུད་པར་བྱེད་པ། ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་གནང་བའི་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་བཏང་སྟེ། ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་ཡོང་བར་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་དགོས།
འགོ་རྩོམ་ཚོགས་འདུའི་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་ཨུ་ཡོན་ལྷན་ཁང་གིས་ཕུལ་བའི་ནུས་ཁུངས་ཀྱི་ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་དང་འབབ་རྒྱུད་བརྒལ་བའི་རྒྱུ་ལམ་ཆེན་པོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཁུལ་ཁོངས་རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་ཚུན་སྦྲེལ་མཐུད་བྱེད་ཤུགས་ཇེ་ཆེར་གཏོང་བ། སྐོར་ཐེངས་གསར་པའི་རྒྱ་མ་ཁྲག་ཁྲིག་རིམ་པའི་འབྲུ་རིགས་ཐོན་ནུས་མཐོར་འདེགས་འགུལ་སྐྱོད་སྐུལ་འདེད་དང་ལག་བསྟར་བྱེད་པ། གཞི་རྩའི་རྒན་གསོའི་ཞབས་ཞུ་མཁོ་སྤྲོད་ལེགས་སྒྱུར་བཏང་ནས་ནུས་ཤོར་དང་རིག་ཤོར་རྒན་པའི་ལྟ་སྐྱོང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། མི་ཐབས་རིག་ནུས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རྟོག་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུར་ཉན།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥུང་སོགས་ཀྱིས་འབྲེལ་ཡོད་གྲོས་གཞི་ཐད་གསལ་བཤད་དང་སྙན་ཞུ་ཕུལ།
མཁར་བྱམས་དོན་འགྲུབ་ཀྱིས་བསྒྱུར།