
ས་དེའི་ཟླ11པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀི་ལོ་ཅི་ཡ་སྲིད་གཞུང་གི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཀི་ལོ་ཅི་ཡར་དངོས་གཞིའི་འཚམས་འདྲི་མཛད་ཅིང་། ཏི་པིས་ལི་སི་རུ་ཀི་ལོ་ཅི་ཡའི་སྲིད་འཛིན་ཁ་ཝེ་ལ་ཧྲི་ཝེ་ལི་དང་ཙུང་ལི་ཁི་པ་ཞེ་ཙི་གཉིས་ཀར་མཇལ་འཕྲད་གནང་།
ཁ་ཝེ་ལ་ཧྲི་ཝེ་ལི་དང་མཇལ་འཕྲད་གནང་སྐབས། ཧན་ཀྲེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཧན་ཀྲེང་གིས་བསྟན་དོན། ཀྲུང་གོ་དང་ཀི་ལོ་ཅི་ཡ་བར་ཕྱི་འབྲེལ་བཙུགས་ནས་ལོ34འཁོར་བའི་རིང་། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། མཉམ་ལས་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། ད་ལོའི་ཟླ6པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་སྲིད་འཛིན་རྣམ་གཉིས་ཀྱིས་ཐུན་མོང་ཐོག་ཀྲུང་གོ་དང་ཀི་ལོ་ཅི་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་དུས་མཚམས་གསར་པ་ཞིག་གི་འགོ་བརྩམས་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན། ཀྲུང་གོས་ཀི་ལོ་ཅི་ཡ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཀི་ལོ་ཅི་ཡའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཁ་ཝེ་ལ་ཧྲི་ཝེ་ལི་ཡིས་ཧན་ཀྲེང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཀི་ལོ་ཅི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་བྱེད་པ་དང་། མཉམ་ལས་ཀྱི་སྦྲེལ་ཐག་ཉིན་རེ་བཞིན་དམ་དུ་ཕྱིན་ཏེ་མི་སྣའི་འགྲོ་འོང་ཉིན་བཞིན་མང་དུ་ཕྱིན་ཡོད། ཀི་ལོ་ཅི་ཡས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ལ་ཁེ་ཕན་སྔར་བས་ཆེ་བ་དང་མི་དམངས་ལ་བདེ་སྐྱིད་སྔར་བས་ཆེ་བ་བསྐྲུན་འདོད་ཡོད།
ཁི་པ་ཞེ་ཙི་དང་མཇལ་འཕྲད་གནང་སྐབས། ཧན་ཀྲེང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཀི་ལོ་ཅི་ཡའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཀི་ལོ་ཅི་ཡ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པ་དང་། མཉམ་ལས་མཉམ་རྒྱལ་གྱི་གྲོགས་པོ་དང་རོགས་ཟླ་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་དགོས། ཀྲུང་གོས་ཀི་ལོ་ཅི་ཡས་ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད་ལ། དུས་ཡུན་རིང་པོར་ཐའེ་ཝན་དང་ཞིན་ཅང་སོགས་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པས། ཀི་ལོ་ཅི་ཡ་ཡིས་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྔར་བཞིན་སྲུང་སྐྱོང་བྱ་རྒྱུ་ཡིན། རང་མོས་ཉོ་ཚོང་གི་གྲོས་ཆོད་རིམ་སྤོར་གྲོས་ཆོད་ཡི་གེ་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་དགོས་ལ། ཕན་ཚུན་འབྲེལ་མཐུད་དང་། སློབ་གསོ། ཚན་རྩལ། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བྱས་ཏེ། མཉམ་ལས་མཉམ་རྒྱལ་གྱི་བར་སྟོང་གསར་པ་རྒྱ་བསྐྱེད་དགོས། ཕྱོགས་གཉིས་ཀྱིས་ཕྱོགས་མང་ཁྱབ་ཁོངས་སུ་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་དགོས་ལ། རྒྱལ་ཁབ་གཉིས་དང་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བྱེད་དགོས།
ཁི་པ་ཞེ་ཙི་ཡིས་བསྟན་དོན། ཀི་ལོ་ཅི་ཡ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་དམ་སྲུང་ནན་མོ་བྱས་ནས། ཀྲུང་གོས་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀི་ལོ་ཅི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཐད་ཕན་ཚུན་སྔར་ལས་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་། ཉོ་ཚོང་གྲོགས་པོའི་འབྲེལ་བ་ཇེ་ལེགས་སུ་བཏང་སྟེ། དངོས་སྒྲུབ་མཉམ་ལས་ལ་ཤུགས་བསྣན་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཀི་ལོ་ཅི་ཡ་རུ་མ་དངུལ་བཏང་ནས་ཐོན་ལས་དར་སྤེལ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན་ལ། ཀི་ལོ་ཅི་ཡ་ཕྱོགས་ཀྱིས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུར་གཞོལ་ནས། རྒྱལ་སྤྱིའི་ལས་སྟེགས་སྟེང་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀི་ལོ་ཅི་ཡ་ཕྱོགས་ཀྱིས་ཀྲུང་གོ་མིག་དཔེ་རུ་བཟུང་སྟེ། འཕེལ་རྒྱས་དང་ཡར་ཐོན་ལ་དམིགས་ཏེ། ལག་གདང་སྦྲེལ་ནས་འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་བར་བྱས་རྗེས་འཇོག་འདོད་ཡོད།
འཚམས་འདྲི་གནང་སྐབས། ཧན་ཀྲེང་ད་དུང་ཁི་པ་ཞེ་ཙི་དང་མཉམ་དུ་ཀྲུང་གོ་དང་ཀི་ལོ་ཅི་ཡའི་བཟོ་ཚོང་ལས་རིགས་ཀྱི་དགའ་བསུའི་གསོལ་སྟོན་ལ་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། ཧན་ཀྲེང་གིས་བསྟན་དོན། ཀྲུང་གོས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀི་ལོ་ཅི་ཡ་ཚུད་པའི་རྒྱལ་ཁབ་སོ་སོའི་ཁེ་ལས་ལ་ཁྲོམ་རའི་གོ་སྐབས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱིས་སྦྲེལ་ཟམ་ལྟ་བུའི་ནུས་པ་མུ་མཐུད་དུ་འདོན་སྤེལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཀི་ལོ་ཅི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད།